གཟའ་སྤེན་པ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༢

དྲང་ཁྲིམས་ཡར་དྲག་བཏང་ནི་དོན་ལས་ ཁྲིམས་ཀྱི་འདུན་སར་རྩོད་ཉོགས་ནང་འགྲིགས་ཀྱི་སྡེ་ཕྲན་ཅིག་ གཞི་བཙུགས་འབད་ནི་ཨིནམ།

སྤྱི་ཟླ་༦ པའི་ཚེས་ ༡༩ ༢༠༡༩

༉ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་གིས་ དྲང་ཁྲིམས་ཡར་དྲག་བཏང་ནི་དང་ ཁྲིམས་དང་འབྲེལ་བའི་གདམ་ཁ་ཚུ་བྱིན་ནི་གི་དོན་ལས་ འབྲུག་པའི་དྲང་ཁྲིམས་ལམ་ལུགས་ནང་ལུ་ ཁྲིམས་ཀྱི་འདུན་སར་རྩོད་ཉོགས་ནང་འགྲིགས་ཀྱི་སྡེ་ཕྲན་ཅིག་ གཞི་བཙུགས་འབད་ནི་སྦེ་འདུག

ནང་འགྲིགས་སྡེ་ཕྲན་འདི་ཡང་ འགོ་དང་པ་རང་ རྒྱལ་ཁབ་ནང་འཁོད་ལུ་ཡོད་པའི་ ཁྲིམས་ཀྱི་འདུན་ས་༨ཀྱི་ནང་ལུ་ གཞི་བཙུགས་འབད་ནི་ཨིན་མས།

གནད་དོན་འདི་གི་ཆ་ཤས་ཅིག་སྦེ་ ད་རིས་ འབྲུག་གི་ཁྲིམས་སྤྱི་བློན་པོ་གིས་ སྤ་རོ་ལུ་སྦེ་ ཁྲིམས་ཀྱི་འདུན་སར་རྩོད་ཉོགས་ནང་འགྲིགས་ཀྱི་ཐོག་ལུ་ ཀི་དེབ་༤གསར་བཏོན་མཛད་གནང་ཡི།

ཁྲིམས་ཀྱི་འདུན་སར་རྩོད་ཉོགས་ནང་འགྲིགས་ཟེར་མི་འདི་ཡང་ སྦྱོང་བརྡར་ཐོབ་ཡོད་པའི་ ཁྲིམས་དང་འབྲེལ་བའི་ནང་འགྲིགས་འབད་མི་ཚུ་གིས་ རྩོད་གཞི་ཚུ་ ནང་འགྲིགས་འབད་བཞིན་ན་ ནང་འགྲིགས་འབད་ཡོད་པའི་འགན་རྒྱ་ཚུ་ ཟིན་བྲིས་བཏབ་མི་གི་ བྱ་རིམ་ལུ་གོཝ་ཨིན་མས།

འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ་༢༠༠༡ཅན་མ་དང་འཁྲིལཔ་ད་ རྩོད་རྩ་དང་རྩོད་ཟླ་༢ཀྱི་ཁ་ཐུག་ལས་ ཞུ་བ་འབདཝ་བཞིན་དུ་ དྲང་དཔོན་ཚུ་གིས་ འཁྲུན་ཆོད་མ་བཏོན་པའི་ཧེ་མ་ ནང་འགྲིགས་འབད་ནི་གི་གོ་སྐབས་ཚུ་ བྱིན་དོ་ཨིན་མས།

ཨིན་རུང་ མཐོ་གཏུགས་འབད་མི་མང་ཤོས་ཅིག་གིས་རང་ ཁྲིམས་ཀྱི་འདུན་སའི་ཕྱི་ཁར་ལས་ཕར་ ནང་འགྲིགས་འབད་མི་ཚུ་ཐོབ་པ་ལུ་ ལཱ་ཁག་བཏང་དོ་ཡོདཔ་སྦེ་ཨིན་མས།

ཁྲིམས་ཀྱི་འདུན་སར་རྩོད་ཉོགས་ནང་འགྲིགས་སྡེ་ཕྲན་གྱིས་ ཞི་རྩོད་ཆ་མཉམ་རང་ ནང་འགྲིགས་འབད་ནི་ཨིནམ་ད་ ཉེས་རྩོད་ཀྱི་ཐད་ཁར་འབད་བ་ཅིན་ རྒུས་འཐུས་ཀྱི་ནང་འགྲིགས་ཚུ་འབད་ནི་ཨིན་རུང་ ཞབས་ཏོག་འདི་ འབྲེལ་གཏོགས་ཡོད་པའི་ རྩོད་རྩ་དང་རྩོད་ཟླ་༢ཀྱིས་ ཞུ་བ་འབད་མི་དང་འཁྲིལ་ཏེ་ ཁས་བླངས་ཀྱི་ཐོག་ལུ་ བྱིན་ནི་ཨིན་མས།

འདི་བསྒང་ ནང་འགྲིགས་ཚུ་ཡང་ གསང་བའི་ཐོག་ལུ་འབད་ནི་ཨིནམ་ལས་ འཛོམས་དཔང་ཚུ་ཡང་ རྩོད་རྩ་དང་རྩོད་ཟླ་གིས་ ཞུ་བ་འབད་བ་ཅིན་རྐྱངམ་གཅིག་ གྲལ་ཁར་གཏོགས་བཅུག་ནི་ཨིན་མས།

ད་རེས་ ཁྲིམས་ཀྱི་འདུན་སར་རྩོད་ཉོགས་ནང་འགྲིགས་ཀྱི་ སྡེ་ཕྲན་གཞི་བཙུགས་འབད་ནི་འདི་གིས་ མི་སྡེ་ནང་ལས་ཕར་ ནང་འགྲིགས་འབད་ཚུ་གི་འགན་ཁུར་ཚུ་ སྒྲིང་སྒྲི་མེདཔ་སྦེ་འགྱོ་ནི་མས་ཟེར་བའི་ ཚ་གྱང་ལང་དོ་ཡོདཔ་ཨིན་རུང་ འགོ་དཔོན་ཚུ་གིས་སླབ་མི་ནང་ མི་སྡེའི་ནང་ལས་ཕར་ ནང་འགྲིགས་འབད་དགོཔ་ཁག་ཆེ་བའི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ འབད་འོང་ཟེར་བཤད་ཅི།

འདི་འབདཝ་ལས་ ནང་འགྲིགས་ཀྱི་རིག་རྩལ་དང་ ཐབས་ཤེས་ཚུ་བྱིན་ནི་གི་དོན་ལས་ ཐིམ་ཕུག་དང་སྤ་རོ་ དེ་ལས་ ཧཱ་དང་དབང་འདུས་ འདི་བཟུམ་སྦེ་ ཆུ་ཁ་དང་སྤུ་ན་ཁ་ དེ་ལས་ ཕུན་ཚོགས་གླིང་དང་དགེ་ལེགས་ཕུག་གི་ ཁྲིམས་ཀྱི་འདུན་སའི་རྩོད་དྲུང་གོངམ་༣༠ལུ་ སྦྱོང་བརྡར་ཚུ་བྱིན་ནི་ཨིན་མས།

འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་གིས་ ཤུལ་མའི་ལོ་༥གི་ནང་འཁོད་ལུ་ ཁྲིམས་ཀྱི་འདུན་ས་ག་རའི་ནང་ རྩོད་ཉོགས་ནང་འགྲིགས་ཀྱི་སྡེ་ཕྲན་ཚུ་ གཡོག་བཀོལ་ནི་གི་དོན་ལས་ ནང་འགྲིགས་འབད་མི་ཚུ་ལངམ་སྦེ་བཟོ་ནི་གི་ འཆར་གཞི་ཡོདཔ་ཨིན་མས།