གཟའ་ཕུར་བུ། ༢༠༡༩ ཟླ་༦ པའི་སྤྱི་ཚེས་༡༩

རྒྱལ་ཁབ་ནང་ལུ་ མི་དབང་རྒྱལ་བཙུན་མཆོག་ དགུང་ལོ་༢༩བཞེས་གནང་ཡོད་པའི་ འཁྲུངས་སྐར་དུས་ཆེན་བརྩི་སྲུང་།

སྤྱི་ཟླ་༦ པའི་ཚེས་ ༥ ༢༠༡༩

༉ ད་རིས་ མི་དབང་རྒྱལ་བཙུན་མཆོག་གི་འཁྲུངས་སྐར་དུས་སྟོན་དང་འབྲེལ་ རྒྱལ་ཁབ་ནང་ལུ་ འཛམ་གླིང་མཐའ་འཁོར་གྱི་ཉིནམ་ བརྩི་སྲུང་འབད་ཡི།

མི་དབང་རྒྱལ་བཙུན་མཆོག་ སྤྱི་ལོ་༡༩༩༠་ སྤྱི་ཟླ་༦་པའི་སྤྱི་ཚེས་༤་ལུ་ ཡབ་དོན་གྲུབ་རྒྱལ་མཚན་དང་ ཡུམ་བསོད་ནམས་ཆོས་ཀྱི་ སྲསམོ་ལུ་སྐུ་འཁྲུངས་ནུག

མི་དབང་རྒྱུལ་བཙུན་མཆོག་ ད་རིས་ དགུང་ལོ་༢༩་བཞེས་གནང་ཡོདཔ་ད་ མི་དབང་རྒྱལ་བཙུན་མཆོག་ མཐའ་འཁོར་གྱི་སྐྱབས་འཛིན་ཨིནམ་མ་ཚད་ འཛམ་གླིང་སྤྱི་ཚོགས་ཀྱི་ ཨོ་ཛཱོན་གྱི་ལེགས་སྨོན་སྐུ་ཚབ་ཡང་ཨིན་མས།

མི་དབང་རྒྱལ་བཙུན་མཆོག་གི་འཁྲུངས་སྐར་དུས་སྟོན་དང་ འཛམ་གླིང་མཐའ་འཁོར་གྱི་ཉིནམ་ བརྩི་སྲུང་བརྩི་སྲུང་འབད་ནི་གི་དོན་ལུ་ རྒྱལ་ཁབ་ནང་འཁོད་ ཕྱག་བརྡར་གྱི་ལས་རིམ་ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་སྟེ་ཡོདཔ་ཨིན།

ཐིམ་ཕུག་ལུ་ལུ་འབད་བ་ཅིན་ ཁས་བླངས་པ་༥༠༠ལྷགཔ་ཅིག་གིས་ ཐིམ་ཕུག་ཁྲོམ་ཁ་ལུ་ཐོན་ཞིན་ན་ ཕྱགས་བརྡར་ཚུ་རྐྱབ་ཡོདཔ་ཨིན་མས།

འདི་ལུ་ ཐིམ་ཕུག་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་བཀོད་མི་ནང་ ལས་རིམ་འདི་ཡང་ ངོ་མ་རང་ མི་མང་ལུ་ རྒྱལ་ཁབ་ནང་ལུ་ ད་རེས་ གདོང་ལེན་སྦོམ་ཤོས་རང་ ཕྱགས་སྙིགས་ལས་བརྟེན་ཏེ་འབྱུང་དོ་ཡོདཔ་ལས་ ཕྱགས་སྙིགས་ཚུ་བདག་འཛིན་འཐབ་དགོཔ་ཁག་ཆེ་བའི་སྐོར་ལས་ གོ་བརྡ་སྤེལ་ཐབས་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཡོདཔ་སྦེ་བཤད་ཅི།

དེ་ལས་ ཉི་མ་ཁམས་ཅིག་ཁར་ ཁྲོམ་སྡེ་གི་འགོ་དཔོན་ཚུ་གིས་ ཞིབ་དཔྱད་ཚུ་འབད་ཞིན་ན་ ཕྱགས་སྙིགས་ ལེགས་ཤོམ་སྦེ་བདག་འཛིན་མ་འཐབ་མི་ཚུ་ལུ་ ཉེས་བྱ་ཚུ་ བཀལ་ཡི།

འདི་བཟུམ་སྦེ་ ལས་སྡེ་མ་འདྲཝ་དང་ སློབ་ཕྲུག་ དེ་ལས་ ཁས་བླངས་པ་༣༠༠ལྷགཔ་ཅིག་གིས་ ཐིམ་ཕུག་ ཆུ་འབར་ཆུ་གི་རོང་ཆུ་བདའ་སྟེ་ ཕྱགསྙིགས་ཚུ་ཡོདཔ་མ་ཚད་ རོང་ཆུ་གི་མཐའམ་བདའ་སྟེ་ཡོད་པའི་ ཚལ་མ་ཚུ་ཡང་རྫམ་ནུག

རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ དྲུང་ཆེན་ བསོད་ནམས་པི་དབང་འདུས་ཀྱི་བཀོད་མི་ནང་ ཕྱགས་བརྡར་གྱི་ལས་རིམ་འདི་ མི་དབང་རྒྱལ་བཙུན་མཆོག་གི་འཁྲུངས་སྐར་དུས་ཆེན་བརྩི་སྲུང་ཞུ་ནི་དང་ མི་དབང་རྒྱལ་བཙུན་མཆོག་ལུ་ གུས་སྟུད་ཕུལ་ནི་གི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་སྦེ་བཤད་ཅི།

འདི་བཟུམ་སྦེ་ བདེ་སྲིད་སློབ་གྲྭ་ཆེ་བ་གིས་ཡང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་དང་ ཁྲིམས་སྲུང་འགག་སྡེ་ དེ་ལས་ ཐིམ་ཕུག་ཁྲོམ་སྡེ་དང་ཅིག་ཁར་ ཀེ་ཧང་ཤིང་འབལ་བཀོ་ནི་གི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།

འདི་ཡང་ རྒྱལ་ཁབ་ནང་ལུ་ ཀེ་ཧང་ཤིང་ མར་ཕབ་འབད་ནི་དང་ ས་ཆའི་ཇོ་བདག་ཚུ་གིས་ ཀེ་ཧང་ཤིང་སྐྱེས་ནི་ལས་ ཚད་འཛིན་འབད་ནི་ དེ་ལས་ ཕམ་ཚུ་ལུ་ ཁོང་རའི་ཨ་ལུ་ཚུ་ སྨྱོ་རྫས་སྤྱོད་མ་བཅུག་པར་ བདག་འཛིན་འཐབ་བཞག་དགོ་པའི་སྐོར་ལས་ གོ་བརྡ་ཚུ་སྤེལ་ནི་གི་དོན་ལས་ ཨིན་མས།

ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ད་རེས་ཀྱི་ཟླཝ་ནང་རང་ ཀེ་ཧང་ལོག་སྤྱོད་འབད་མི་དང་འབྲེལ་བའི་གནད་དོན་ལས་བརྟེན་ཏེ་ ན་གཞོན་༤༥བཟུང་སྟེ་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ ཕྱགས་བརྡར་གྱི་ལས་རིམ་འདི་ དགེ་ལེགས་ཕུག་ཁྲོམ་དང་ ཤེ་ཏི་ཁ་ར་གི་རོང་ཆུ་བདའ་སྟེ་ཡང་ འགོ་འདྲེན་འཐབ་ཡོདཔ་ད་ ལས་རིམ་འདི་ནང་ལུ་ སློབ་ཕྲུག་དང་ཡིག་ཚང་ནང་ལུ་འགྱོ་མི་ དེ་ལས་ ས་གནས་ཀྱི་མི་ཚུ་གིས་ གྲལ་ཁར་གཏོགས་ཅི།

ལས་རིམ་འདི་གིས་ ཕྱགས་སྙིགས་འཛིན་སྐྱོང་འཐབ་དགོཔ་ཁག་ཆེ་བའི་སྐོར་ལས་ གོ་བརྡ་སྤེལ་ཚུགས་པའི་རེབ་ཡོདཔ་སྦེ་ཨིན་མས།

ཁོང་ཁས་བླངས་པ་ཚུ་གིས་བསྡུ་སྟེ་ཡོད་མི་ ཕྱགས་སྙིགས་འདི་ཚུ་ ཕྱི་སེལ་རྐྱབ་ཞིན་ན་ ནངས་པ་ འཕྲོད་བསྟེན་དང་མཐའ་འཁོར་གྱི་བརྡ་དོན་ཚུ་བཙུགས་ཏེ་སྦེ་ འགྲེམ་སྟེ་འབད་ནི་སྦེ་འདུག

འགྲེམ་སྟོན་འདི་དང་ཅིག་ཁར་ འབྲུག་ཀེན་སར་གཞི་ཚོགས་ཀྱིས་ འཕྲོད་བསྟེན་བརྟག་ཞིབ་དང་ བརྡ་དོན་འདི་ཚུ་འབྱིན་སའི་ ས་སྒོ་ཚུ་ཡང་ བཟོ་ནི་ཨིན་མས།

དེ་ལས་ བུམ་ཐང་རྫོང་ཁག་ནང་ལུ་འབད་བ་ཅིན་ ཉིནམ་འདི་ ཕྱགས་སྙིགས་ཚུ་ ལོག་ལག་ལེན་འཐབ་ཞིན་ན་ ཅ་ཆས་མ་འདྲཝ་སྦེ་བཟོ་མི་ཚུ་འགྲེམ་སྟོན་འབད་དེ་སྦེ་ བརྩི་སྲུང་འབད་ཡི།

ཕྱགས་སྙིགས་ལས་བཟོ་ཡོད་པའི་ཅ་ཆས་ཚུ་ཡང་ སློབ་ཕྲུག་དང་མི་སྡེ་ དེ་ལས་ ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གིས་ བཟོ་ནུག

འདི་བསྒང་ རྫོང་ཁག་བདག་སྐྱོང་གིས་ ཕྱགས་སྙིགས་བསྡུ་སའི་ས་སྒོ་ཚུ་བཟོ་བཞིན་ན་ མི་ཚུ་ལུ་ ཕྱགས་སྙིགས་ཚུ་ ནམ་དང་ནམ་རང་བསྡུ་ནི་ཨིན་ན་གི་སྐོར་ལས་ཡང་ བཤད་འབྱིན་ནུག

ཕྱགས་སྙིགས་བསྡུ་ལེན་འབད་མི་ སྣུམ་འཁོར་འདི་གིས་ ད་ལས་ཕར་ རུལ་བཏུབ་མི་དང་མ་བཏུབ་མི་ཕྱགས་སྙིགས་འདི་ཚུ་ སོ་སོ་འབད་རང་ བསྡུ་ལེན་འབད་ནི་ཨིན་མས།

ད་རུང་ བུམ་ཐང་ལུ་ འབྲུག་གློག་མེ་ལས་འཛིན་གྱིས་བཟོ་སྟེ་ཡོད་མི་ གླིང་ག་འདི་ཡང་ འགོ་འབྱེད་འབད་ཡོདཔ་ད་ གླིང་ག་འདི་ཡང་ མི་དབང་རྒྱལ་བཙུན་མཆོག་གི་འཁྲུངས་སྐར་དུས་སྟོན་དང་ སྐུ་འཁོར་ཚུ་ལུ་ གུས་བསྟུད་ཞུ་ནི་གི་དོན་ལས་ བཟོ་ཡོདཔ་སྦེ་ཨིན་མས།

གླིང་ག་འདི་ བུམ་ཐང་རྫོང་ཁག་འདི་ འཇའ་ཆི་ཆི་སྦེ་བཟོ་ནི་ཟེར་བའི་ལས་འགུལ་ཅིག་ཡོད་མི་གི་ ལས་རིམ་ཅིག་ཡང་ཨིན་མས།