གཟའ་ཕུར་བུ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༠

གཞལ་སྒང་ སྤན་བང་གི་ཁྲོམ་ཁ་ལུ་ ན་གཞོན་སྡེ་ཚན་ཅིག་གིས་ སོ་ནམ་ཐོན་སྐྱེད་ཀྱི་ཚོང་འབྲེལ།

སྤྱི་ཟླ་༦ པའི་ཚེས་ ༣ ༢༠༡༩

༉ གཞལ་སྒང་ སྤན་བང་དང་ མཁའ་རི་འཁོར་ཆ་ལས་ཕར་སྡོད་མི་ཚུ་གིས་ ད་ལས་ཕར་ ནང་འཁོད་ལས་འཐོན་པའི་ཚོད་བསྲེ་ཚུ་ ཐོབ་མ་ཚུགས་པའི་ ཚ་འགྱང་ལང་དགོཔ་མི་འཐོན་ནི་ཨིན་མས།

འདི་ཡང་ ན་གཞོན་༥་འབད་མི་སྡེ་ཚན་ཅིག་གིས་ མི་སེར་སོ་ནམ་པ་ཚུ་གི་ནང་ལས་ ཚོད་བསྲེ་ཚུ་ཉོ་ཞིནམ་ལས་ སྤན་བང་ཁྲོམ་ཁ་ལུ་ བཙོང་ནི་འགོ་བཙུགས་ཏེ་ ཡོད་ནི་འདི་གིས་ཨིན་མས།

ན་གཞོན་༥་པོ་ཆ་རང་ མཐོ་རིམ་ཤེས་ཡོན་སྦྱང་ཚར་མི་ཚུ་ཨིནམ་ད་ ཁོང་ཆ་ཁྱབ་ག་ར་ སྤན་བང་ན་གཞོན་མཉམ་ལས་ཚོགས་པའི་ འཐུས་མི་ཨིན་མས།

སྡེ་ཚན་འདི་གིས་བཀོད་མི་ནང་ ཁོང་ཆ་ཁྱབ་ཀྱིས་ ཚོང་ཁང་དེ་སྦེ་ སྒོ་ཕྱི་མི་འདི་ཡང་ མཇུག་ལས་མཇུག་སུ་ མི་སྡེ་ཀྱི་གནས་ཚད་ཁ་ལུ་ ཚོད་བསྲེ་གི་ཐོན་སྐྱེད་ཚུ་ ཡར་དྲག་བཏང་ནི་དོན་ལུ་ དམིགས་གཏད་བསྐྱེདཔ་ཨིན་ཟེར་བཤད་ཅི།

 ད་རུང་ སྡེ་ཚན་འདི་གིས་ སྤན་བང་ཁྲོམ་ཁ་ལུ་ ཚེམ་ཁང་དང་ ལྷམ་བཙེམ་ཁང་ དེ་ལས་ གོ་ལུ་ཆུ་འཁྱུ་ཁང་དང་ སྐྱ་བཏོག་ཁང་གི་ཞབས་ཏོག་ཚུ་ཡང་ བྱིན་དོ་ཡོདཔ་མ་ཚད་ ད་ལས་ཕར་ ལྡུམ་ར་རིག་པའི་ལཱ་ཚུ་ཡང་འབད་ནི་གི་ ལ་སྐོར་ཡོདཔ་ལས་ ས་ཆ་ཚུ་ཡང་ བཟོ་ཚར་ཏེ་ཡོདཔ་སྦེ་ཨིན་མས།

ཁོང་ཆ་ཁྱབ་ཀྱི་ཚོང་ལཱ་འདི་གི་ སོ་ནམ་པ་ཚུ་ལུ་ ཚོད་བསྲེ་དང་ཤིང་འབྲས་ཚུ་བཙོང་ནི་གི་དོན་ལས་ བཙུགས་ནི་ནང་ལུ་ཡང་ སེམས་ཤུགས་བྱིན་ཚུགས་ཏེ་ཡོདཔ་མ་ཚད་ ཁོང་ཆ་ཁྱབ་ལུ་ཡང་ ཚོད་བསྲེ་ཚུ་ བཙོང་མ་ཚུགས་པའི་ དཀའ་ངལ་ཚུ་ མི་འཐོན་དོ་ཡོདཔ་སྦེ་ཨིན་མས།