གཟའ་མིག་དམར། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༩

པདྨ་དགའ་ཚལ་ ནོར་བུ་བསྒང་རྒེད་འོག་གི་ཛམ་བྷཱ་ལ་ཨོམ་སྡེ་ཚན་ལུ་ འཕྲུལ་ཆས་ལངམ་སྦེ་མེདཔ།

སྤྱི་ཟླ་༦ པའི་ཚེས་ ༣ ༢༠༡༩

༉ པདྨ་དགའ་ཚལ་ ནོར་བུ་བསྒང་རྒེད་འོག་གི་ཛམ་བྷཱ་ལ་ཨོམ་སྡེ་ཚན་འདི་ སྤྱི་ལོ་༢༠༡༥་ལུ་ གཞི་བཙུགས་འབད་བའི་ཤུལ་ སྡེ་ཚན་འདི་ནང་ལུ་ ལོ་བསྟར་བཞིན་དུ་རང་ འཐུས་མི་ཚུ་ ཡར་སེང་འགྱོ་བའི་བསྒང་འདུག

ཨིན་རུང་ སྡེ་ཚན་འདི་ནང་ལུ་ ད་རེས་ འཐུས་མི་༧༠་དེ་ཅིག་ཡོདཔ་ལས་ ཨོམ་གྱི་ཐོན་སྐྱེད་ཚུ་ཡར་སེང་འགྱོ་མི་དང་འབྲེལ་ ཞབས་ཏོག་ཚུ་ དགོས་མཁོ་དང་འཁྲིལ་ཏེ་ སྤྲོད་ཚུགས་པ་ལུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་མས།

ད་རེས་ འཕྲུལ་ཁང་འདི་ནང་ལུ་ ཨོམ་དང་ཞོ་གཉིས་ཕྱི་སེལ་རྐྱབ་ནི་དོན་ལུ་ ཕྲུལ་ཆས་གཅིག་ལས་བརྒལ་མེདཔ་ད་ ཆུ་ཚོད་གཅིག་གི་ནང་འཁོད་ལུ ཨོམ་ལི་ཀྲར་༣༠༠་དེ་ཅིག་རྐྱངམ་གཅིག་ ཕྱི་སེལ་རྐྱབ་ཚུགས་དོ་ཡོདཔ་ལས་ མར་དང་དར་ཚི་ཚུ་བཟོ་ནི་ནང་ གདོང་ལེན་འབྱུང་སྟེ་སྦེ་འདུག

འདི་འབདཝ་ལས་ སྒོ་ནོར་ཚོགས་པ་འདི་གིས་ སྒོ་ནོར་སྡེ་ཚན་ལུ་ ཨོམ་དང་ཞོ་ཕྱི་སེལ་རྐྱབ་ནི་གི་དོན་ལས་ ཕྲུལ་ཆས་འཐེབ་ཅིག་ གནང་དགོ་པའི་ཞུ་བ་འབད་ཡོདཔ་ཨིན་མས།

འདི་ལུ་ ནོར་བུ་བསྒང་རྒེད་འོག་གི་ སྒོ་ནོར་རྒྱ་བསྐྱེད་ལས་རོགསཔ་ ལས་སྐྱིད་དབང་ཕྱུག་གིས་བཀོད་མི་ནང་ སྒོ་ནོར་ཡིག་ཚང་ལུ་ མ་དངུལ་མེད་པའི་དཀའ་ངལ་ཡོད་རུང་ ཧོངས་ཆ་ཁྱབ་ཀྱི་ཁ་ཐུག་ལས་ སྡེ་ཚན་འདི་ལུ་ ཕྱི་སེལ་རྐྱབ་ནིའི་ཕྲུལ་ཆས་ མཁོ་གྲུབ་འབད་ནི་ནང་ རྒྱབ་སྐྱོར་འབད་འོང་ཟེར་བཤད་ཅི།

ཨིན་རུང་ ཁོང་གི་ཁ་ཐུག་ལས་ མཇུག་ལས་མཇུགས་སུ་འབད་བ་ཅིན་ འཕྲུལ་ཆས་འདི་ཚུ་ ཛམ་བྷཱ་ལ་ཨོམ་སྡེ་ཚན་གྱིས་རང་ ཉོ་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་མས།

ད་རེས་ ཨོམ་སྡེ་ཚན་འདི་གིས་ ཉིནམོ་རེ་ནང་ མར་དང་དར་ཚིལ་བཟོ་ནི་གི་དོན་ལུ་ ཨོམ་ལི་ཀྲར་༧༠༠་ལྷགཔ་ཅིག་ བསྡུ་ལེན་འབད་དོ་ཡོདཔ་ཨིན་མས།