གཟའ་པ་སངས། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༢༢

ཐིམ་ཕུག་དང་ སྤ་རོ་གནམ་གྲུ་ཐང་གི་བར་ན་ མི་དམངས་སྐྱེལ་འདྲེན་ཅིག་ འགོ་བཙུགས་ནི་ཨིནམ།

སྤྱི་ཟླ་༥ པའི་ཚེས་ ༧ ༢༠༡༩

༉ ཐིམ་ཕུག་དང་ སྤ་རོ་གནམ་གྲུ་ཐང་གི་བར་ན་ལུ་ དམིགས་གསལ་གྱིས་ མི་དམངས་སྐྱེལ་འདྲེན་གྱི་ ཞབས་ཏོག་འགོ་དང་པ་འདི་ ཤུལ་མའི་བདུན་ཕྲག་ནང་ལས་ འགོ་བཙུགས་ནི་སྦེ་འདུག

ཞབས་ཏོག་འདི་གི་དོན་ལུ་ བཱསི་གསུམ་བཙུགས་ཏེ་ཡོདཔ་ལས་ ད་ལས་ཕར་ ཐིམ་ཕུག་དང་ སྤ་རོ་གནམ་གྲུ་ཐང་གི་བར་ན་རྒྱུན་འགྲུལ་འཐབ་མི་ཚུ་གིས་ སྟབས་བདེ་ཏོག་ཏོ་སྦེ་ རྒྱུན་འགྲུལ་འཐབ་ཚུགས་པའི་ རེ་བ་འདུག

འདི་ཡང་ མི་དམངས་སྐྱེལ་འདྲེན་འདི་ཚུའི་ནང་ལས་ཕར་ གཞན་མི་་བཱསི་ཚུ་བཟུམ་སྦེ་མེན་པར་ ཝའི་ཕའི་དང་ཚ་དྲོད་དང་ལྡན་ཞབས་ཏོག་དང་ དེ་ལས་ འགྲུལ་པ་ཚུ་གིས་ སྟབས་བདེ་ཏོག་ཏོ་བཟོ་བཏུབ་པའི་སྡོད་ཁྲི་དང་ གཞན་མི་མཐུན་རྐྱེན་ཚུ་ བཙུགས་ཏེ་ཡོད་ནི་འདི་གི་ཨིན་མས།

བཱསི་འདི་གི་ཞབས་ཏོག་འདི་ གནམ་གྲུ་གི་འཕུར་འགྲུལ་དང་འཁྲིལ་ཏེ་ ཉིན་བསྟར་བཞིན་ལུ་ རྒྱུན་འགྲུལ་འཐབ་ནི་གི་ འཆར་གཞི་འདུག

 མི་དམངས་སྐྱེལ་འདྲེན་གྱི་ ཞབས་ཏོག་འགོ་བཙུགས་མི་ ཀུན་བཟང་དབང་འདུས་ཀྱིས་བཀོད་མི་ནང་ ཞབས་ཏོག་འདི་ཡང་ ཁོ་ར་ཚར་གཅིག་ བེང་ཀོག་ལུ་འགྱོ་བའི་སྐབས་ སྣུམ་འཁོར་བདའ་སྟེ་བསྐྱེལ་མི་ཅིག་དང་ སྣུམ་འཁོར་འདི་ ལོག་ཐིམ་ཕུག་ལུ་ བདའ་འོང་མི་ཅིག་ འཚོལ་དགོཔ་ཐོན་ཡོདཔ་མ་ཚད་ བེང་ཀོག་ལས་ལོག་པའི་སྐབས་ལུ་ཡང་ ལེན་པར་འོང་མི་ཅིག་ འཚོལ་དགོཔ་ཐོན་པའི་ཤུལ་ལུ་ ཞབས་ཏོག་འདི་བཟུམ་ཅིག་ བཙུགས་ནི་གི་ མནོ་བསམ་བཏང་ཡོདཔ་སྦེ་བཤད་ཅི།

སྐྱེལ་འདྲེན་གྱི་ཞབས་ཏོག་གསརཔ་འདི་ལས་བརྟེན་ཏེ་ སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་ནང་ལུ་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་ཡོད་མི་འདི་ཡང་ སེལ་ནི་ནང་ལུ་ ཕན་ཐོག་ཚུགས་པའི་རེ་བ་འདུག

སྐྱེལ་འདྲེན་བཱསི་འདི་ནང་ལུ་ རྒྱུན་འགྲུལ༌འཐབ༌པའི༌སྐབས༌ལུ་ མི༌རེ༌ལུ༌གླ་ཆ་དངུལ་ཀྲམ་༢༠༠རེ་གནས་ནི་ཨིནམ་ད་ བཱས་འདི་ནང་ལུ་ འགྲུལ་པ་༣༢་ཤོང་ནི་གི་ ས་གོ་ཡོདཔ་ཨིན་མས།