གཟའ་སྤེན་པ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༠

ཕོ་སྐྱེས་ཅིག་གིས་ བུ་ཡར་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་འཁྲུན་ཆོད།

སྤྱི་ཟླ་༤ པའི་ཚེས་ ༡ ༢༠༡༩

༉ གསར་སྤང་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ སྐྱེ་ལོ་༣༥་ལང་མི་ཕོ་རྒས་ཅིག་ལུ་ ཁྲིམས་ལྟར་དུས་མིན་བཙན་གཡེམ་འབད་ཡོད་པའི་ཉེས་པ་ལུ་བརྟེན་ གཟའ་ལྷགཔ་གི་ཚེས་ བཙོན་ཁྲིམ་ལོ་༡༥་གི་ འཁྲུན་ཆོད་བཏོན་ཏེ་འདུག

འཁྲུན་ཆོད་འདི་དང་འཁྲིལཔ་ད་ ཉེས་ཅན་འདི་གིས་ གསར་སྤང་ལུ་ ཁོང་རའི་གཡུས་ཁར་ ན་ཧིང་ སྤྱི་ཟླ་༩་པའི་ནང་ སྐྱེ་ལོ་༡༡་ལང་མི་ ཁོ་རའི་བུ་ཡར་ལུ་ དབང་བཙོང་འདོད་སྤྱོད་འབད་དེ་ཡོདཔ་སྦེ་ཨིན་མས།

གནད་དོན་འདི་གི་སྐོར་ལས་ སློབ་གྲྭའི་ཁ་ཐུག་ལས་ ཉམས་རྒུདཔ་བུམོ་ཅུང་འདི་ སེམས་ཐང་ཆད་དེ་ཡོདཔ་སྦེ་ མཐོང་པའི་ཤུལ་མ་ ཧ་གོ་ཚུགས་ཏེ་ཡོདཔ་ཨིན་མས།

ད་རུང་ འཁྲུན་ཆོད་འདི་ནང་ལུ་ ཉེས་ཅན་ཕོ་རྒས་འདི་གིས་ ཉམས་རྒུདཔ་བུམོ་ཅུང་འདི་ ཁོ་དང་གཅིག་ཁར་སྦེ་ ནོར་འཚོ་སྟེ་སྡོད་པའི་སྐབས་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོདཔ་སྦེ་ འཁོད་དེ་འདུག

ཉེས་ཅན་ཕོ་རྒས་འདི་གིས་ ཁྲིམས་ཀྱི་འདུན་ས་ལུ་ འདོད་སྤྱོད་འདི་ཡང་ དབང་བཙོང་གི་ཐོག་ལས་མེན་པར་ མོས་མཐུན་གྱི་སྒོ་ལས་ འབད་ཡོདཔ་སྦེ་ཞུ་ནུག

འདི་བཟུམ་སྦེ་ ཉེས་འཛུགས་ཅན་འདི་གིས་ ཁོ་རང་ ཨ་ལོ་༦་གསོ་ནི་ཡོདཔ་ལས་ བཙོན་ཁྲིམས་ཀྱི་གནས་ཡུན་འདི་ མར་ཕབ་གནང་དགོ་པའི་ ཞུ་བ་ཡང་ འབད་དེ་འདུག

ཨིན་རུང་ འཁྲུན་ཆོད་འདི་ནང་ལུ་བཀོད་མི་ནང་ ཉམས་རྒུདཔ་འདི་ ལོ་༡༡་འབདཝ་ལས་ མོ་ལུ་འདོད་སྤྱོད་ཀྱི་བྱིད་བསྐོར་བྱ་སྤྱོད་ཀྱི་སྐོར་ལས་ ཧ་གོ་ཚུགས་པའི་ ལྕོགས་གྲུབ་མེདཔ་ལས་ ཞུ་བ་འདི་ ངོས་ལེན་འབད་མི་ཚུགས་ཟེར་ཨིན་མས།

འཁྲུན་ཆོད་འདི་དང་འཁྲིལ་པ་ཅིན་ ཉེས་ཅན་ཕོ་རྒས་འདི་གིས་ བཙོན་ཁྲིམས་ཀྱི་ཚབ་མ་ བཙོན་འཐུས་བཏབ་མ་ཆོགཔ་སྦེ་ བཀོད་དེ་ཡོདཔ་ཨིན་རུང་ འཁྲུན་ཆོད་འདི་ལུ་ བསམ་མ་རྫོགས་པ་ཅིན་ གཞག་༡༠་གི་ནང་འཁོད་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུགས་འབད་ཆོག་ཟེར་ འཁོད་དེ་ཡོདཔ་ཨིན་མས།

ད་རེས་ བུམོ་ཅུང་འདི་ ཨ་རྟག་ག་ཨིནམ་སྦེ་ སློབ་གྲྭ་ནང་ལུ་ དཔེ་ཆ་ལྷབ་པར་ འགྱོ་དོ་ཡོདཔ་ཨིན་མས།