གཟའ་མིག་དམར། ༢༠༡༩ ཟླ་༧ པའི་སྤྱི་ཚེས་༢༢

ཁྲལ་ལས་ཟུར་ཐབས་འབད་བའི་ ཉེས་པ་ལུ་བརྟེན་ལོ་༥ གི་བཙོན་ཁྲིམས།

སྤྱི་ཟླ་༡ པའི་ཚེས་ ༣༡ ༢༠༡༩

༉ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ ཁྲལ་ལས་ཟུར་ཐབས་འབད་བའི་ཉེས་པ་ལུ་བརྟེན་ ཕུན་ཚོགས་གླིང་ལུ་ཡོད་པའི་ ཇེ་པི་ཨེལ་པི་ ཚོང་ལས་ཁང་གི་ཇོ་བདག་ རྒྱ་གར་གྱི་ཕོ་རྒས་ཅིག་ལུ་ ད་རིས་ བཙོན་ཁྲིམས་ལོ་༥་གི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་མས།

འཁྲུན་ཆོད་འདི་དང་འཁྲིལཔ་ད་ ཉེས་ཅན་འདི་གིས་ ཤེས་ཅི་མཐོང་ཅི་རང་ དངུལ་ཀྲམ་ས་ཡ་༡༢༩་ ཁྲལ་མ་བཏབ་པར་ གསང་བཞག་སྟེ་ཡོདཔ་སྦེ་ཨིན་མས།

ད་རུང་ ཁྲིམས་ཀྱི་འདུན་ས་ལས་ ཚོང་ལས་ཁང་གི་ཇོ་བདག་འདི་གིས་ ཟླཝ་༡་གི་ནང་འཁོད་ གཞུང་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༡༢༦བཏབ་དགོཔ་སྦེ་སླབ་སྟེ་འདུག

གནད་དོན་འདི་གི་སྐོར་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་ཅན་འདི་གིས་ སྤྱི་ལོ་༢༠༡༡ལས་༢༠༡༤་ཚུན་ཚོད་ འོང་འབབ་ཀྱི་ཁྲལ་བཏབ་པའི་སྐབས་ འོས་འབབ་དང་ལྡན་ཏོག་ཏོ་སྦེ་ ཁྲལ་ཚུ་མ་བཏབ་པར་ཡོད་པའི་ དོགས་པ་ཆགས་པའི་ཤུལ་ལུ་ ཉེས་འཛུགས་བཀལ་ཏེ་ཡོདཔ་ཨིན།

འོང་འབབ་ཁྲལ་གྱི་བཅའ་ཁྲིམས་༢༠༠༡་ཅན་མའི་དོན་ཚན་༢༨པ་དང་༣༦པའི་ནང་ལུ་ ཁྲལ་ལས་ཟུར་ཐབས་འབད་མི་ཚུ་ལུ་ བཙོན་ཁྲིམས་ཀྱི་ཐོག་ཁར་ ཉེས་བྱ་དང་ཉེས་ཆད་ཚུ་ཡང་ བཏབ་དགོཔ་སྦེ་འཁོད་དེ་འདུག

འདི་བཟུམ་སྦེ་ འབྲུག་གི་ཉེས་འགལ་ཁྲིམས་དེབ་དང་འཁྲིལཔ་ད་ དངུལ་ཟོལ་གྱི་གནོད་འགལ་དེ་ རིན་ཐང་དང་བསྟུན་པའི་ཁྲིམས་ཚད་ཕོག་ཟེར་ བཀོད་དེ་འདུག

གནད་དོན་འདི་གི་སྐོར་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤྱི་ལོ་༢༠༡༧་ལུ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ཡོདཔ་ཨིན་མས།