གཟའ་སྤེན་པ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༠

སྤུ་ན་ཁ་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ ཕོ་སྐྱེས་ཅིག་ལུ་ལོ་༢༥ བཙོན་ཁྲིམས།

སྤྱི་ཟླ་༡༡ པའི་ཚེས་ ༢༡ ༢༠༡༨

༉ སྤུ་ན་ཁ་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ སྤུ་ན་ཁ་རྫོང་ཁག་ འཛོམས་མི་རྒེད་འོག་ནང་ལས་ སྐྱེས་ལོ་༢༦་ལང་མི་ ཕོ་སྐྱེས་ཅིག་ལུ་ ཁོ་རའི་ཨ་ཞང་བསད་པའི་ཉེས་པ་ལུ་བརྟེན་ ལོ་༢༥་གི་བཙོན་ཁྲིམས་བཀལ་ནུག

འདས་པའི་ གཟའ་སྤེནམ་གི་ཚེས་ བཏོན་ཡོད་པའི་ཁྲུན་ཆོད་དང་འཁྲིལཔ་ད་ ཉེས་ཅན་འདི་གིས་ ཤི་རྐྱེན་བྱུང་མི་གི་ བཟའ་ཚང་ཚུ་ལུ་ རྒུད་འཐུས་དངུལ་ཀྲམ་འབུམ་༡་དང་སྟོང་ཕྲག་༧༨ལྷགཔ་ཅིག་ཡང་ སྤྲོད་དགོཔ་སྦེ་ འཁྲུན་ཆོད་བཏོན་ཏེ་འདུག

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཧེ་མ་འགོ་དང་པ་ ཉེས་ཅན་འདི་ལུ་ དང་བླངས་རྟོག་མེད་གདོང་ཐུག་གི་ ཉེས་འཛུགས་བཀལ་ཡོདཔ་ཨིན་རུང་ ཤུལ་ལས་ ཁྲིམས་ཀྱི་འདུན་ས་ལས་ སྙན་གསན་རིམ་པ་བཞིན་དུ་ འགོ་འདྲེན་འཐབ་ཚར་བའི་ཤུལ་ལུ་ གནད་དོན་འདི་ སྲོག་འཕྲོག་གི་གནོད་འགེལ་ལུ་ སྒྱུར་བཅོས་བྱུང་ནུག

ཁྲིམས་ཀྱི་འདུན་ས་ལུ་ རྩོད་གཞི་འདི་ཕྱི་བའི་སྐབས་ གནད་དོན་ཁག་བཞི་དེ་ཅིག་ བྱུང་མི་ཚུ་དང་འཁྲིལཝ་ད་ བྱ་ངན་འདི་ཡང་ ཉེས་ཅན་དེ་གིས་ ཉམས་རྒུདཔ་དང་གཅིག་ཁར་ ས་ཆའི་སྐོར་ལས་ ཧེ་མ་ལས་རང་ ཧིང་བགྲམ་བཞག་ཡོད་པའི་ཁར་ གསད་ནིའི་གནོད་སེམས་ཀྱི་དམིགས་པ་བསྐྱེད་དེ་ གཙང་ཆུའི་མཐའ་མར་འཁྱིད་སོང་ཞིནམ་ད་ ལྷོག་བཀོག་ནུག་ཟེར་ཨིན་མས།

དེ་ཡང་ ཉེས་ཅན་དང་ ཉམས་རྒུདཔ་གཉིས་ཀྱི་བར་ན་ ཧེ་མ་ལས་རང་ མ་འགྲིགསཔ་ཡོད་མི་དང་ ཉེས་ཅན་དེ་གིས་ ཉམས་རྒུད་པའི་ཁྱིམ་ནང་སོང་ཞིནམ་ད་ ང་ཁྱོད་བསད་པ་ཨིན་ཟེར་སླབ་སྟེ་ ལགཔ་ཡང་ བཀལ་ནུག་ཟེར་ཨིནམ་མས།

དེ་མ་ཚད་ ཉེས་ཅན་དེ་གིས་ ཉམས་རྒུདཔ་ལུ་ དམངས་མི་སྡོད་སར་ བློ་སླབ་པར་འགྱོ་གེ་ཟེར་ སྣུམ་འཁོར་ནང་བཙུགས་འབག་སྟེ་ འཛོམས་མི་རྒེད་འོག་གི་ དམངས་མི་སྡོད་སར་ལྷོདཔ་ད་ དམངས་མི་དེ་ཉལ་ཡོདཔ་སྦེ་མཐོང་པའི་ཤུལ་ལུ་ ལོག་ཁྱིམ་ནང་འགྱོ་བའི་སྐབས་ ཁྱིམ་ནང་མེན་པར་ འཕྲོ་ཀྱང་སྟེ་ ཁུ་རུ་ཐང་ཁ་ཐུག་འཁྱིད་སོང་ཞིནམ་ད་ ས་གནས་བུ་ལི་གད་པ་ལུ་ལྷོདཔ་ད་ ཆུའི་མཐའ་མར་འཁྱིད་ཞིནམ་ལས་ ལྷོག་བཀོ་བའི་ཤུལ་ལུ་ ཤི་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ཉིནམ་གཉིས་ཀྱི་རྒྱབ་ལས་ ཉམས་རྒུད་པའི་ཉེ་ཚན་ཚུ་གིས་ ཉེས་ཅན་ལུ་དྲི་བའི་སྐབས་ ཉེས་ཅན་དེ་གིས་བསླབ་མ་བཏུབ་པར་ གསང་བཞག་ནུག་ཟེར་ཨིན་མས།

བྱ་ངན་འདི་ཡང་ དུས་ཅི་ སྤྱི་ཟླ་༧་པའི་ནང་ལུ་བྱུང་ཡོདཔ་ད་ ཉམས་རྒུདཔ་འདི་གི་ཕུངཔོ་འདི་ ད་ལྟོའི་བར་ན་ཡང་ འཚོལ་མ་འཐོབ་པར་ ཡོདཔ་ཨིན་མས།