གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༢༡

ཨམ་སྲུ་ཅིག་གིས་ཚོང་ལཱ་འདི་ ལེགས་ཤོམ་འགྱོ་དོ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༡༣ ༢༠༡༨

༉ བཀྲིས་གཡང་རྩེ་ཁྲོམ་དང་ རྡོ་གསུམ་གྱི་གཞུང་ལམ་བར་ན་ ས་གནས་བཟང་པོ་ཟོར་ཟེར་ས་ལུ་ སྐྱེས་ལོ་༢༢ལང་མི་ པདྨ་བཟང་མོ་གིས་ བཟའ་འཐུང་དང་སོ་ནམ་གྱི་ཐོན་སྐྱེད་ཚུ་བཙོང་མི་འདི་ ལེགས་ཤོམ་སྦེ་རང་ འགྱོ་དོ་ཡོདཔ་སྦེ་ཨིན་མས།

པདྨ་གིས་སླབ་མི་ནང་ ཐོན་སྐྱེད་ཚུ་བཙོང་སའི་ས་གོ་འདི་ རྫོང་ཁག་གིས་རྐྱབ་སྟེ་ཡོད་རུང་ འདི་ནང་ལུ་ ཚོང་བཙོང་མི་འདི་ མོ་ར་རྐྱངམ་ཅིག་མ་གཏོགས་ ག་ཡང་འོང་ནི་མིན་འདུག་ཟེར་བཤད་ཅི།

མོ་གིས་ ས་གོ་འདི་ནང་ལུ་ ཚོང་ལཱ་འབད་དེ་ ལོ་༣ལང་སྟེ་ཡོདཔ་ད་ མོ་གིས་བཟོ་མི་ མོ་མོ་དང་ ཤ་བྷ་ལེ་ དེ་ལས་ ཐུགཔ་བཟུམ་གྱི་བཞེས་སྒོ་དང་ ཚོད་བསྲེ་དང་ཤིང་འབྲས་ཚུ་ གཞུང་ལམ་བདའ་འགྱོ་མི་ཚུ་གིས་

ཉོ་འབག་འགྱོ་དོ་ཡོདཔ་ཨིན་མས།

པདྨ་གིས་སླབ་མི་ནང་ ཚོང་འདི་ཆུང་ཀུ་ཅིག་འབད་རུང་ འཕྲལ་འཕྲལ་ ཟླཝ་རེ་ནང་ འོང་འབབ་དངུལ་ཀྲམ་ སྟོང་ཕྲག་༤༥དེ་ཅིག་ཡང་ བཟོ་ཚུགས་པས་ཟེར་བཤད་ཅི།

མོ་གིས་ མ་འོངས་པའི་ནང་ལུ་ བཟའ་ཆས་ཚོང་ཁང་ཅིག་ སྒོ་ཕྱེ་ནི་གི་ འཆར་གཞི་ཡོདཔ་ལས་ ག་དེ་ཅིག་སྦེ་ མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ལཱ་ཚུ་ མགྱོགས་སུ་ཅིག་སྦེ་འབད་བ་ཅིན་ ཚོང་ལཱ་གསརཔ་འདི་གི་གོ་སྐབས་ཚུ་ ལེགས་ཤོམ་སྦེ་རང་མཐོང་སྟེ་འདུག

པདྨ་བཟང་མོ་གིས་སླབ་མི་ནང་ མོ་ར་ སྤྱི་ལོ་༢༠༡༥ལུ་ སློབ་རིམ་༡༠པ་ནང་ལས་ དཔེ་ཆ་འཕྲོ་མཐུད་བལྟ་ནི་གི་གོ་སྐབས་མ་ཐོབ་རུང་ དཀའཝ་སྤྱོད་ནི་ལུ་མ་བལྟ་བར་ ཚོང་འདི་ལུ་ གཙོ་བོར་བསྟེན་ནི་འདི་གིས་ མོ་ར་གིས་མོ་ར་ མགུ་ཐོན་ཚུགས་ཏེ་ཡོདཔ་སྦེ་བཤད་ཅི།

འདི་འབདཝ་ལས་ ན་གཞོན་ཆ་མཉམ་གྱིས་རང་ ལཱ་ག་བཟུམ་ཅིག་རང་འབད་རུང་ སེམས་ཤུགས་བསྐྱེད་དེ་འབད་བ་ཅིན་ ལཱ་གཡོག་མེད་པའི་དཀའ་ངལ་འདི་ འཐོན་དགོཔ་ཅིག་མིན་ཟེར་མནོཝ་མས་ཟེར་ཨིན་མས།