གཟའ་མིག་དམར། ༢༠༡༩ ཟླ་༧ པའི་སྤྱི་ཚེས་༢༢

ཚོགས་དཔོན་གྱི་གོ་གནས་ཁར་ ལྡོག་ཕྱོག་ཚོགས་པ་གིས་ཡང་ དོ་འགྲན་འབད་ནི་སྦེ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༩ ༢༠༡༨

༉ འབྲུག་པའི་དམངས་གཙོའི་རིང་ལུགས་ཀྱི་ རྒྱལ་རབས་ནང་ལུ་ ད་རེས་ འགོ་དང་པ་ ལྡོག་ཕྱོགས་ཚོགས་པའི་ནང་ལས་ འདེམས་ངོ་༢་ཀྱིས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ཚོགས་དཔོན་འོགམ་གི་གོ་གནས་ཀྱི་དོན་ལུ་ བཙག་འཐུའི་ནང་ བཅའ་མར་གཏོགས་ནི་ཨིན་མས།

འདི་ཡང་ མོང་སྒར་རྫོང་ཁག་ དགྲ་མེད་རྩེ་སྔ་ཚང་འདེམས་ཁོངས་ནང་ལས་ བཙག་འཐུ་གྲུབ་སྟེ་ཡོད་མི་ འདེམས་ངོ་ ཨྱོན་དབང་འདུས་ཀྱིས་ ཚོགས་དཔོན་གྱི་གོ་གནས་ཁར་ དོ་འགྲན་འབད་ནི་ཨིན་མས།

འདི་བཟུམ་སྦེ་ བུམ་ཐང་ཆུ་མིག་ཨུ་ར་འདེམས་ཁོངས་ནང་ལས་ ཀརྨ་དབང་ཕྱུག་གིས་ ཚོགས་དཔོན་འོགམ་གི་དོན་ལས་ དོ་འགྲན་འབད་ནི་སྦེ་འདུག

འདི་ལུ་ སྤན་སྦང་འདེམས་ཁོངས་ཀྱི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་སླབ་མི་ནང་ སྤྱི་ཚོགས་དང་པ་དང་གཉིས་པའི་སྐབས་ ཚོགས་དཔོན་གྱི་གོ་གནས་ཁར་ བཅའ་མར་གཏོགས་དགོ་པའི་སྐོར་ལས་ བརྡ་དོན་ཚུ་ ག་ནི་ཡང་མ་འཐོབ་ཟེར་ཨིན་མས།

ཨིན་རུང་ ད་རེས་ ཚོགས་དཔོན་གྱི་ གོ་གནས་ཁར་ བཅའ་མར་གཏོགས་དགོ་པའི་སྐོར་ལས་ ཡོངས་ཁྱབ་དྲུང་ཆེན་ཡིག་ཚང་ནང་ལས་ བཅའ་མར་གཏོགས་ཆོག་པའི་ ཡི་གུ་འཐོབ་ཅི་ཟེར་བཤད་ཅི།

འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༢་པའི་ དོན་ཚན་༣་པ་དང་འཁྲིལཔ་ད་ སྤྱིར་བཏང་བཙག་འཐུ་གང་ཞིག་གི་ཤུལ་ལས་ ཞལ་འཛོམས་དང་པ་ཚོགས་པའི་སྐབས་ལུ་ ཡང་ན་ ས་སྟོང་བསུབ་དགོཔ་རེ་འཐོན་པའི་དུས་ལུ་ རྒྱལ་ཡོངས་ཚོགས་འདུ་གིས་ དེའི་འཐུས་མི་ཚུ་གི་གྲལ་ལས་ ཚོགས་དཔོན་གོང་འོག་བཙག་འཐུ་འབད་དགོ་ཟེར་ བཀོད་དེ་ཡོདཔ་ཨིན།

ཚོགས་དཔོན་དང་ཚོགས་དཔོན་འོགམ་༢་ཀྱི་ བཙག་འཐུ་འདི་ཡང་ གཟའ་ཕུརཔ་གི་ཚེས་ འགོ་འདྲེན་འཐབ་ནི་ཨིན་མས།

འདི་དང་གཅིག་ཁར་ འབྲུག་ཕུན་སུམ་ཚོགས་པ་གིས་ ད་རུང་ དྲོག་ཊར་པདྨ་རྒྱ་མཚོ་འདི་ ལྡོག་ཕྱོགས་འགོ་ཁྲིད་པའི་ གདམ་ངོ་སྦེ་ བཏོན་ཏེ་ཡོདཔ་ཨིན་མས།