གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

བདེ་སྲུང་གི་ མ་དངུལ་ལོག་སྤྱོད་འབད་མི་ལུ་ འཁྲུན་ཆོད་བཏོན་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༩ ༢༠༡༨

༉ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ བསྟན་སྲུང་དམག་སྡེའི་འགོ་དཔོན་༢དང་དམག་སློབ་༡ལུ་ བདེ་སྲུང་གི་མ་དངུལ་ དངུལ་ཀྲམ་འབུམ་༦དང་སྟོང་ཕྲག་༥༥ལྷགཔ་ཅིག་ ལོག་སྤྱོད་འབད་ཡོད་པའི་ ཉེས་པ་ལས་བརྟེན་ཏེ་ བཙོན་ཁྲིམས་ལོ་རེ་གི་ འཁྲུན་ཆོད་བཏོན་ཏེ་འདུག

ད་རུང་ འཁྲུན་ཆོད་དང་འཁྲིལཔ་ད་ ཁོང་ཉེས་ཅན་ཚུ་གིས་ མ་དངུལ་ལོག་སྤྱོད་འབད་མི་ཚུ་ ལོག་བཏབ་དགོཔ་ཨིན་རུང་ བཙོན་ཁྲིམས་ཀྱི་ཚབ་ལུ་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་མས།

ལིང་དཔོན་ཨྱོན་ལྷུན་གྲུབ་འདི་ བདེ་སྲུང་སྦྱོང་བརྡར་ལས་རིམ་ ཤོ་ཐེངས་༨པའི་སྐབས་ལུ་ དངུལ་ཀྲམ་སྟོང་ཕྲག་༡༩ལྷགཔ་ཅིག་ ལོག་སྤྱོད་འབད་ཡོདཔ་སྦེ་མཐོང་ཡོདཔ་ལས་ བཙོན་ཁྲིམས་ལོ་༡གི་ འཁྲུན་ཆོད་བཏོན་ཏེ་འདུག

ཁོ་ལུ་ དམག་སྡེ་ཁྲིམས་ཁང་གིས་ ཧེ་མ་འབད་བ་ཅིན་ དངུལ་ཀྲམ་འབུམ་༦དང་སྟོང་ཕྲག་༥༥་ལྷགཔ་ཅིག་ ལོག་སྤྱོད་འབད་དེ་ཡོདཔ་སྦེ་མཐོང་པའི་ཤུལ་ བཙོན་ཁྲིམས་ལོ་ཕྱད་ད་༣གྱི་ འཁྲུན་ཆོད་བཏོན་ཡོདཔ་མ་ཚད་ གཡོག་ནང་ལས་ཡང་ ཐོབ་ལམ་ཚུ་ག་ནི་ཡང་མེད་པར་ དགོངས་ཕོག་བཏང་སྟེ་འདུག

འདི་བཟུམ་སྦེ་ ལིང་དཔོན་ ཀུན་དགའ་ནོར་བུ་དང་ སྤེལ་རྒྱབ་དབང་ཕྱུག་གཉིས་མཉམ་རུབ་འབད་དེ་ དངུལ་ཀྲམ་འབུམ་༦དང་སྟོང་ཕྲག་༣༦ལྷགཔ་ཅིག་ ལོག་སྤྱོད་འབད་ཡོདཔ་སྦེ་མཐོང་པའི་ཤུལ་ བཙོན་ཁྲིམས་ལོ་རེ་གི་ འཁྲུན་ཆོད་བཏོན་ཏེ་ཡོདཔ་མ་ཚད་ ཁོང་ཉེས་ཅན་གཉིས་ཀྱིས་ དངུལ་ཀྲམ་འབུམ་༣དང་སྟོང་ཕྲག་༡༨ལྷགཔ་རེ་ འདྲན་འདྲ་སྦེ་རང་ ལོག་སྤྲོད་དགོཔ་སྦེ་ཨིན་མས།

འཁྲུན་ཆོད་དང་འཁྲིལཔ་ད་ ཉེས་ཅན་གཉིས་ཀྱིས་ མ་དངུལ་ཚུ་ཡང་ སྤྱི་ལོ་༢༠༡༢ཀྱི་སྤྱི་ཟླ་༡༢པ་ལས་ སྤྱི་ལོ་༢༠༡༣གྱི་སྤྱི་ཟླ་དང་པ་གི་བར་ན་ སྤུ་ན་ཁ་ལུ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་དབང་གནང་པའི་སྐབས་ལུ་དང་ བདེ་སྲུང་སྦྱོང་བརྡར་ལས་རིམ་ཤོ་ཐེངས་༡༨པའི་སྐབས་ལུ་ ལོག་སྤྱོད་འབད་དེ་ཡོདཔ་སྦེ་ཨིན་མས།

ན་ཧིང་ དམག་སྡེ་ཁྲིམས་ཁང་གིས་ ཁོང་ཉེས་ཅན་གཉིས་ཀྱིས་ དངུལ་ཀྲམ་ས་ཡ་༡དང་འབུམ་༡ལྷགཔ་ཅིག་ ལོག་སྤྱོད་འབད་དེ་ཡོདཔ་སྦེ་མཐོང་པའི་ཤུལ་ ཐོབ་ལམ་ག་ནི་ཡང་མེད་པར་ དགོངས་ཕོག་བཏང་ཡོདཔ་མ་ཚད་ ལིང་དཔོན་ ཀུན་དགའ་ནོར་བུ་ལུ་ དེ་བསྒང་ ལོ་ཕྱད་ད་༥གི་ བཙོན་ཁྲིམས་བཀལ་ཏེ་ཡོདཔ་ཨིན།

འཁྲུན་ཆོད་འདི་དང་འཁྲིལ་བ་ཅིན་ གནད་དོན་འདི་ནང་ལུ་གྲལ་གཏོགས་ཡོད་མི་ ཚོང་པ་ཚུ་གིས་ མཐོ་གཏུགས་མ་འབདཝ་ལས་ དམག་སྡེ་ཁྲིམས་ཁང་གི་འཁྲུད་ཆོད་འདི་ལུ་ ཆ་གནས་འབད་དགོཔ་སྦེ་བཀོད་དེ་འདུག

ཨིན་རུང་ ཁོང་ཉེས་ཅན་ཚུ་ལུ་ བསྟན་སྲུང་དམག་སྡེ་གི་བདག་སྐྱོང་ཁ་ཐུག་ལས་ བདག་སྐྱོང་དང་འབྲེལ་བའི་དང་ལེན་འབད་མི་འདི་ལུ་ བསྒྱུར་བཅོས་མེད་པའི་ འཁྲུན་ཆོད་བཏོན་ཏེ་འདུག