གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ བསྟན་སྲུང་དམག་མི་དྲུག་ལུ་ བདེ་སྲུང་སྦྱོང་བརྡར་མ་དངུལ་ལོག་སྤྱོད་ཀྱི་གནད་དོན་ནང་ལུ་ ཉེས་པ་མེད་པའི་འཁྲུན་ཆོད་བཏོན་ཏེ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༦ ༢༠༡༨

༉ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ ཁ་ཙ་ བསྟན་སྲུང་དམག་མི་དྲུག་ལུ་ བདེ་སྲུང་སྦྱོང་བརྡར་མ་དངུལ་ལོག་སྤྱོད་ཀྱི་གནད་དོན་ནང་ལུ་ ཉེས་པ་མེད་པའི་འཁྲུན་ཆོད་བཏོན་ཏེ་འདུག

འཁྲུན་ཆོད་འདི་ཡང་ དམག་སྡེ་ཁྲིམས་ཁང་གིས་བཏོན་མི་འཁྲུན་ཆོད་དང་ བསྒྱུར་བཅོས་ཧྲིལ་འབུམ་སྦེ་རང་འབད་དེ་ འཐོན་ཏེ་འདུག

དམག་སྡེ་ཁྲིམས་ཁང་གིས་ ན་ཧིང་ ཁོང་ཆ་ཁྱབ་ལུ་ སྤྱི་ལོ་༢༠༡༢ལས་༢༠༡༦གི་བར་ན་ བདེ་སྲུང་སྦྱོང་བརྡར་མ་དངུལ་ལོག་སྤྱོད་དང་ ལོག་འདྲེན་ཚུ་འབད་ཡོད་པའི་ཉེས་འཛུགས་ཚུ་ བཀལ་ཏེ་ཡོདཔ་ཨིན།

འཁྲུན་ཆོད་འདི་དང་འཁྲིལ་བ་ཅིན་ བསྟན་སྲུང་དམག་སྡེ་ནང་ལས་ འགོ་དཔོན་༤དང་ དམག་སློབ་༢ལུ་ དམག་སྡེའི་ཁྲིམས་ཁང་གིས་ ཁོང་རའི་ངག་བརྗོད་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་སྙན་ཞུ་ཚུ་ལུ་གཞི་བཞག་སྟེ་ ཉེས་འཛུགས་བཀལ་ཏེ་འདུག་ཟེར་ཨིན་མས།

ཨིན་རུང་ ཉེས་འཛུགས་ཚུ་ལུ་ རྒྱབ་སྣོན་གྱི་སྒྲུབ་བྱེད་དང་ ཐེ་ཚོམ་ལས་གྲོལ་བའི་སྒྲུབ་བྱེད་ཚུ་བཏོན་ནི་མེདཔ་ལས་ དམག་སྡེའི་ཁྲིམས་ཁང་ལས་བཏོན་མི་འཁྲུན་ཆོད་འདི་ལུ་ བསྒྱུར་བཅོས་འབྱུང་སྟེ་འདུག

ཆེ་མཐོ་ཁྲིམས་ཀྱི་འདུན་སའི་འཁྲུན་ཆོད་དང་འཁྲིལ་བ་ཅིན་ གནད་དོན་འདི་གི་ཐད་ཁར་ ཞིབ་དཔྱད་ཚུ་ མཐིལ་ཕྱིན་སྦེ་རང་འབད་བའི་སྐབས་ མ་དངུལ་ལོག་སྤྱོད་འབད་དེ་ཡོདཔ་སྦེ་བཀོད་མི་ཚུ་ བདེ་སྲུང་སྦྱོང་བརྡར་པ་ཚུ་གི་དོན་ལུ་ བཀག་དམ་ཅན་གྱི་ཅ་ཆས་ཚུ་ཉོ་ནི་ནང་ལུ་ སྙོམ་སྒྲིག་འབད་དེ་ཡོདཔ་སྦེ་ མཐོང་སྟེ་ཡོདཔ་ཨིན་མས།

ད་རུང་ མ་དངུལ་དེ་སྦེ་ སྙོམ་སྒྲིག་འབད་མི་འདི་ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ཡང་ ཉོག་བཤད་ག་ནི་ཡང་ བཀོད་བཀོདཔ་མིན་འདུག་ཟེར་ཨིན་མས།

དེ་མ་ཚད་ དམག་སྡེའི་ཁྲིམས་ཁང་ནང་ལུ་ དམག་སྦྱོང་ལྟེ་བའི་མགུ་བདག་གིས་ཡང་ བདེ་སྲུང་སློབ་སྦྱོང་གི་སྐབས་ལུ་ ལས་རིམ་ཁག་མ་འདྲཝ་ཚུ་འགོ་འདྲེན་འཐབ་དགོཔ་ཐོན་པའི་ནམ་དུས་ལུ་ མ་དངུལ་ལོག་སུ་སྦེ་མེད་ནི་འདི་གིས་ འགོ་དཔོན་དང་དམག་སློབ་ཚུ་གིས་ འཕྲལ་མཁོའི་བདེ་སྒྲིག་ཚུ་བཟོ་དགོཔ་ ཐོན་ཐོནམ་འོང་ཟེར་སླབ་སྟེ་འདུག་ཟེར་ཨིན་མས།

དམག་སྡེའི་ཁྲིམས་ཀྱི་འདུན་ས་ལས་ ན་ཧིང་ དམག་སྲིད་འོགམ་ཀརྨ་མཐར་འཕྱིན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༡དང་འབུམ་༣ལྷགཔ་ཅིག་ ལོག་སྤྱོད་འབད་ཡོདཔ་སྦེ་མཐོང་པའི་ཤུལ་ལུ་ བཙོན་ཁྲིམས་ལོ་དྲུག་དང་ ཐོབ་ལམ་ཚུ་ག་ནི་ཡང་མེད་པར་ གཡོག་ནང་ལས་དགོངས་ཕོག་བཏང་ནུག

དམག་སྲིད་འོགམ་འདི་དང་ཅིག་ཁར་ དཔལ་རྒྱབ་བསོད་ནམས་དོན་གྲུབ་ལུ་ མ་དངུལ་ དངུལ་ཀྲམ་སྟོང་ཕྲག་༦༥ལོག་སྤྱོད་འབད་ཡོདཔ་སྦེ་མཐོང་ཡོདཔ་ལས་ བཙོན་ཁྲིམས་ཟླཝ་༨དང་ ཐོབ་ལམ་མེད་པར་ དགོངས་ཕོག་བཏང་སྟེ་ཡོདཔ་ཨིན།

ད་རུང་ དམག་སྡེ་ཁྲིམས་ཁང་འདི་གིས་ དམག་སྲིད་འོགམ་རིན་འཛིན་ཡེ་ཤེས་ཀྱིས་ བདེ་སྲུང་གི་མ་དངུལ་ཡུདཔ་ཅིག་ འབུམ་༩མ་ལངམ་ཅིག་ ལོག་སྤྱོད་འབད་ཡོདཔ་སྦེ་ བཙོན་ཁྲིམས་ལོ་ཕྱེད་ད་༥དང་ ཐོབ་ལམ་ཚུ་མེད་པར་ དགོངས་ཕོག་བཏང་ནུག

སྤེལ་དཔོན་མཛེས་པ་ལུ་ཡང་ དངུལ་ཀྲམ་འབུམ་༡ལོག་སྤྱོད་འབད་ཡོདཔ་སྦེ་ བཙོན་ཁྲིམས་ལོ་ངོ་ཕྱེད་ད་༣གྱི་འཁྲུན་ཆོད་བཏོན་ཏེ་ཡོདཔ་མ་ཚད་ ཐོབ་ལམ་ཡང་མེད་པར་ དགོངས་ཕོག་བཏང་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ དམག་སྲིད་འོགམ་ཨྱོན་ནོར་བུ་ལུ་ དངུལ་ཀྲམ་འབུམ་༤དང་སྟོང་ཕྲག་༨༠ལྷགཔ་ཅིག་ སྙོམ་སྒྲིག་བཟོ་ཡོདཔ་སྦེ་ བཙོན་ཁྲིམས་ལོ་ཕྱེད་ད་༣གྱི་ འཁྲུན་ཆོད་བཏོན་ཏེ་ཡོདཔ་ཨིན།

དེ་ལས་ ལིང་དཔོན་གླིང་གི་རྒྱ་མཚོ་འདི་ ལོག་འདྲེན་དང་མ་དངུལ་ དངུལ་ཀྲམ་འབུམ་༧དང་སྟོང་ཕྲག་༨༠ལྷགཔ་ཅིག་ ལོག་སྤྱོད་འབད་ཡོདཔ་སྦེ་ བཙོན་ཁྲིམས་ལོ་ཕྱེད་ད་༤བཀལ་ཡོདཔ་མ་ཚད་ དགོངས་ཞུའི་ཐོབ་ལམ་ཚུ་ཡང་ ག་ནི་ཡང་མ་ཐོབ་སྦེ་ དགོངས་ཕོག་བཏང་ནུག

གནད་དོན་འདི་གི་ཐོག་ལུ་ དམག་སྡེའི་ཁྲིམས་ཁང་འདི་གིས་ འཁྲུན་ཆོད་འདི་ ན་ཧིང་ སྤྱི་ཟླ་༡༢པ་ནང་ལུ་ བཏོན་ཏེ་ཡོདཔ་ཨིན་མས།

ཨིན་རུང་ འཁྲུན་ཆོད་འདི་ལུ་ བསམ་མ་རྫོགས་པའི་ཤུལ་མ་ ཁོང་རྩོད་ཟླ་ཚུ་གིས་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུགས་འབད་ནུག

ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ ཁ་ཙ་ཚུན་ཚོད་ བདེ་སྲུང་གི་མ་དངུལ་ལོག་སྤྱོད་དང་འབྲེལ་བའི་རྩོད་གཞི་གུ་ལུ་ མི་ངོམ་༨གྲལ་གཏོགས་ཡོད་པའི་ འཁྲུན་ཆོད་༥བཏོན་ཡོདཔ་ད་ ཁོང་དོགས་པ་ཅན་ཚུ་ཡང་ ག་ར་ ཉེས་པ་མེད་པའི་འཁྲུན་ཆོད་བཏོན་ཏེ་འདུག