གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༢༡

འབྲུག་པའི་ཚོང་ལཱ་འབད་མི་ཚུ་ལུ་ གདོང་ལེན་སྦོམ་ཤོས་རང་ ས་སྒོ་མེད་མི་འདི་འཐོན་དོ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༦ ༢༠༡༨

༉ རྒྱལ་ཁབ་ནང་ལུ་ འབྲུག་པའི་ཚོང་ལཱ་འབད་མི་ཚུ་གི་དོན་ལུ་ གདོང་ལེན་གཅིག་འདི་ ཚོང་ལཱ་འབད་ནི་གི་ ས་སྒོ་མེད་མི་འདི་འཐོན་ཏེ་འདུག

གནད་དོན་འདི་ཡང་ ད་རེས་ རྒྱལ་ཁབ་ནང་ འགོ་དང་པ་འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ འབྲུག་ཚོང་རིག་དགའ་སྟོན་གྱི་སྐབས་ལུ་ ཚོང་ལཱ་འབད་མི་ཚུ་གིས་བཤད་དེ་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ ཚོང་ལཱ་འབད་ནི་གི་ས་སྒོ་ཚུ་ཐོབ་རུང་རང་ ཁང་གླ་ཚུ་མཐོ་རང་མཐོ་བས་ཟེར་ཨིན་མས།

འབྲུག་ཚོང་རིག་དགའ་སྟོན་འདི་ནང་ལུ་ རང་སོའི་ཐོན་སྐྱེད་ཚུ་ འགྲེམས་སྟོན་འབད་ནི་དང་ ཚོང་ལཱ་འབད་དགོ་པའི་སྐོར་ལས་ གོ་བ་སྤེལ་ནི་གི་དོན་ལུ་ རྒྱལ་ཁབ་ནང་འཁོད་ལས་ ཚོང་ལཱ་འབད་མི་༣༠གིས་ གྲལ་ཁར་གཏོགས་པའི་བསྒང་རང་འདུག

འདི་བཟུམ་སྦེ་ ཁོང་ཆ་ཁྱབ་ཀྱིས་ ཚོང་ལཱ་འབད་ནི་ནང་ནུས་ཤུགས་ཡོད་པའི་ འབྲུག་པའི་ན་གཞོན་ཚུ་ལུ་ ཚོང་ལཱ་དང་འབྲེལ་བའི་ གནད་དོན་གྱི་ཐོག་ལུ་ ཤེས་ཡོན་སྤེལ་ནི་ནང་ཡང་ དང་འདོད་ཡོདཔ་ཨིན་མས།

དུས་སྟོན་བརྩི་སྲུང་གི་སྐབས་ལུ་ ཁོང་ཆ་ཁྱབ་ཀྱིས་བཤད་ཅི་ནང་ ད་རེས་ ཚོང་ལཱ་ཚུ་འབད་བའི་སྐབས་ ཁོང་ཆ་ཁྱབ་ལུ་ གདོང་ལེན་སྦོམ་ཤོས་འདི་རང་ ཚོང་ལཱ་ཚུ་འགོ་བཙུགས་པའི་སྐབས་ རྒྱུ་ཆ་ཚུ་ ཉོ་དགོཔ་འཐོན་མི་འདི་ཨིན་མས་ཟེར་བཤད་ཅི།

དུས་སྟོན་འདི་ཡང་ རྒྱལ་ཁབ་ནང་ལུ་ ཚོང་ལཱ་འབད་ནི་གི་སྲོལ་འདི་ ཡར་དྲག་བཏང་ནི་དང་ འབྲུག་པའི་ན་གཞོན་ཚུ་ ཚོང་ལཱ་འབད་བཅུག་ནི་ནང་ སྦྱང་བ་ཚུ་ཐོབ་བཅུག་ནི་གི་དོན་ལུ་ བློ་ལྡན་གཞི་ཚོགས་ཀྱིས་སྦེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།

 ཐིམ་ཕུག་ལུ་སྦེ་ ད་རིས་ལས་འགོ་བཙུགས་ཏེ་ཡོད་མི་ ཉིནམ་༣གྱི་དུས་སྟོན་ནང་ འབྲུག་པའི་ན་གཞོན་བརྒྱ་ལྷགཔ་ཅིག་ལུ་ ཚོང་ལཱ་དང་འབྲེལ་བའི་གནད་དོན་གྱི་ཐོག་ལུ་ ཞལ་འཛོམས་ཁག་༡༧དེ་ཅིག་ འགོ་འདྲེན་འཐབ་ནི་གི་ལས་རིམ་འདུག