གཟའ་སྤེན་པ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༠

བློན་ཆེན་གྱི་གདམ་ངོ་ གཞུང་འབྲེལ་གསལ་བསྒྲགས་འབད་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༣ ༢༠༡༨

༉ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ དྲོག་ཊར་ བློ་གྲོས་ཚེ་རིང་འདི་ བློན་ཆེན་གྱི་གདམ་ངོ་སྦེ་ གཞུང་འབྲེལ་གསལ་བསྒྲགས་འབད་ཡོདཔ་ཨིན།

འདི་ཡང་ ད་རིས་ ཚོགས་པའི་བཀོད་ཚོགས་ཀྱི་འཐུས་མི་ཚུ་གིས་ གྲོས་ཐག་བཅད་ཡོདཔ་ཨིན་རུང་ བློན་པོའི་གོ་གནས་ཀྱི་གདམ་ངོ་ཚུ་ གྲོས་ཐག་མ་གཅད་པར་ཡོདཔ་ཨིན་མས།

ཚོགས་པའི་གཙོ་འཛིན་འོགམ་ དྲོག་ཊར་ རྟ་མགྲིན་རྡོ་རྗེ་གིས་སླབ་མི་ནང་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ཏེ་ དང་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བློན་ཆེན་ལུ་ བདག་རྐྱེན་གནང་པའི་ཤུལ་མ་ བློན་པོ་ལྷན་རྒྱས་ཀྱི་གདམ་ངོ་ཚུ་ བློན་ཆེན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གྲོས་འདེབས་ཕུལ་འོང་ཟེར་ཨིན་མས།

མི་དབང་མངའ་ཞབས་མཆོག་གིས་ བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་ལུ་ བདག་རྐྱེན་འདི་ཡང་ བཙག་འཐུའི་བཤེར་ཡིག་གི་ དུས་ཡུན་ཚང་པའི་ཤུལ་མ་གནང་ནི་ཨིན་མས།

འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༧ པའི་ནང་ལུ་ འབྲུག་རྒྱལ་པོ་མཆོག་གིས་ རྒྱལ་ཡོངས་ཚོགས་འདུའི་ནང་ འདེམས་ཁྲི་མང་ཤོས་ཐོབ་མི་ ཚོགས་པའི་འགོ་ཁྲིདཔ་ ཡང་ན་ དེའི་གདམ་ངོ་འདི་ལུ་ བློན་ཆེན་སྦེ་ བདག་རྐྱེན་གནང་ནི་ཟེར་བཀོད་དེ་སྦེ་འདུག

འདི་བཟུམ་སྦེ་ རྩ་ཚན་༡༧ པའི་ རྩ་དོན་༣ པའི་ནང་ལུ་ འབྲུག་རྒྱལ་པོ་མཆོག་གིས་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ཚུ་གི་གྲལ་ལས་ བློན་ཆེན་གྱི་གྲོས་འདེབས་ཐོག་ བློན་པོ་ཚུ་བསྐོ་བཞག་གནང་འོང་ཟེར་ འཁོད་དེ་ཡོདཔ་ཨིན།

འབྲུག་མཉམ་རུབ་ཚོགས་པ་གིས་ སྤྱིར་བཏང་བཙག་འཐུའི་སྐབས་ལུ་ ལྷོ་ཕྱོགས་དང་ནུབ་ཕྱོགས་རྫོང་ཁག་གི་ འདེམས་ཁོངས་ག་རའི་ནང་ལས་ རྒྱལ་ཁ་ཐོབ་སྟེ་ཡོདཔ་དང་ ཤར་ཕྱོགས་རྫོང་ཁག་གི་འདེམས་ཁོངས་༤ མ་གཏོགས་ གཞན་མི་འདེམས་ཁོངས་ཚུ་ནང་ལས་ བཙག་འཐུ་སྒྲུབ་མ་ཚུགས་པར་ཡོདཔ་ཨིན།

འདི་ཡང་ ཚོགས་པ་འདི་གིས་ མོང་སྒར་རྫོང་ཁག་ མོང་སྒར་འདེམས་ཁོངས་ནང་ལས་ དྲག་ཤོས་ ཤེས་རབ་རྒྱལ་མཚན་དང་ ལྷུན་རྩེ་རྫོང་ཁག་ སྒང་ཟུར་-སྨིན་རྒྱས་འདེམས་ཁོངས་ནང་ལས་ ཀུན་དགའ་དཔལ་འབྱོར་ དེ་ལས་ བཀྲིས་སྒང་རྫོང་ཁག་ ར་དྷི་སག་སྟེང་འདེམས་ཁོངས་ནང་ལས་ རྡོ་རྗེ་ཚེ་རིང་དང་ ཁྲིམས་ཤིང་རྐང་པར་འདེམས་ཁོངས་ནང་ལས་ ཨྱོན་རྡོ་རྗེ་ཚུ་ཨིན་མས།

འགོ་ཐོག་བཙག་འཐུའི་སྐབས་ལུ་ ཚོགས་པ་འདི་གིས་ ཤར་ཕྱོགས་རྫོང་ཁག་ནང་ལས་ འདེམས་ཁོངས་༡ ནང་ལས་རྐྱངམ་ཅིག་ བཙག་འཐུ་སྒྲུབ་པའི་ཤུལ་མ་ ཚོགས་པའི་གཙོ་འཛིན་གྱིས་ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་ནི་གི་གོ་སྐབས་ཐོབ་པ་ཅིན་ ཤར་ཕྱོགས་རྫོང་ཁག་ནང་ལས་ བློན་པོ་མི་འོང་ནི་མས་ཟེར་བའི་ ཚ་འགྱང་ཚུ་བཤད་དེ་ཡོདཔ་ཨིན།

ད་རུང་ གཙོ་འཛིན་གྱིས་ ལུང་ཕྱོགས་ག་རའི་ནང་ལས་ བློན་པོ་ཚུ་དགོཔ་ ཁག་ཆེ་ཟེར་སླབ་སྟེ་ཡོདཔ་མ་ཚད་

ཚོགས་པ་འདི་ གཞུང་སྐྱོང་གི་གོ་སྐབས་ཐོབ་པ་ཅིན་ ཤར་ཕྱོགས་ཁ་ཐུག་ལས་ བློན་པོ་༣ ལས་༥ གི་བར་ན་ བསྐོས་བཞག་འབད་འོང་ཟེར་སླབ་སྟེ་ཡོདཔ་ཨིན།

འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལཔ་ད་ རྫོང་ཁག་གཅིག་པའི་ བཙག་འཐུའི་འདེམས་ཁོངས་ཚུ་ལས་ བཙག་འཐུ་གྲུབ་པའི་ འཐུས་མི་༢ ལས་ལྷག་སྟེ་ བློན་པོའི་ཐོབ་རིམ་མེད་ཟེར་བཀོད་དེ་འདུག