གཟའ་མིག་དམར། ༢༠༡༩ ཟླ་༧ པའི་སྤྱི་ཚེས་༢༢

འགོ་ཐོག་བཙག་འཐུ་དང་ཕྱདཔ་དང་ སྤྱིར་བཏང་བཙག་འཐུ་ནང་ལུ་ ཚོགས་རྒྱན་བསྐྱུར་མི་བརྒྱ་ཆ་༥ དེ་ཅིག་ ཐེབས་འོང་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༡༥ ༢༠༡༨

༉ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་དང་ཕྱདཔ་དང་ ད་རེས་ཀྱི་ སྤྱིར་བཏང་བཙག་འཐུ་ནང་ལུ་ འདས་པའི་ཉིནམ་༣ གྱི་ནང་འཁོད་ ཚོགས་རྒྱན་བསྐྱུར་མི་ཐེབས་༥༣༠༠ དེ་ཅིག་འོང་ཡོདཔ་སྦེ་ཨིན་མས།

འདི་ཡང་ ད་རེས་ སྤྱིར་བཏང་བཙག་འཐུའི་ནང་ལུ་ ལྷན་ཐབས་ཀྱི་ས་གོ་བརྒྱུད་དེ་ ཚོགས་རྒྱན་བསྐྱུར་མི་ འབུམ་༡ ལྷགཔ་ཅིག་གིས་ ཐོ་བཀོད་འབད་དེ་ཡོད་ས་ལས་ ཚོགས་རྒྱན་ཡོངས་བསྡོམས་སྟོང་ཕྲག་༨༥ དེ་ཅིག་ བཙུགས་ཏེ་ཡོདཔ་ཨིན་མས།

ད་རེས་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུའི་ནང་ལུ་ ལྷན་ཐབས་ཀྱི་ས་གོ་དང་ ཕར་ཚུར་བསྐྱེལ་བཏུབ་པའི་ ཚོགས་རྒྱན་བསྐྱུར་ནི་གི་མཐུན་རྐྱེན་ཚུ་བརྒྱུད་དེ་ ཚོགས་རྒྱན་བསྐྱུར་ཡོད་པའི་གནས་ཚད་འདི་ བརྒྱ་ཆ་༨༣ དེ་ཅིག་ཡོདཔ་སྦེ་ཨིནམ་དང་ འགོ་ཐོག་བཙག་འཐུ་དང་ཕྱདཔ་དང་ ད་རེས་ སྤྱིར་བཏང་བཙག་འཐའི་སྐབས་ལུ་ བརྒྱ་ཆ་༥ ལྷགཔ་ཅིག་གི་རྩིས་ ཡར་སེང་སོང་སྟེ་འདུག

འདི་ཡང་ འགོ་ཐོག་བཙག་འཐུའི་སྐབས་ལུ་ བརྒྱ་ཆ་༧༨ མ་ལངམ་ཅིག་ཡོད་ས་ལས་ ད་རེས་ སྤྱིར་བཏང་བཙག་འཐུའི་སྐབས་ལུ་ བརྒྱ་ཆ་༨༣ དེ་ཅིག་ལུ་ ཡར་སེང་སོང་སྟེ་ཡོདཔ་ཨིན།

སྤྱིར་བཏང་བཙག་འཐུའི་སྐབས་ལུ་ ལྷན་ཐབས་ཀྱི་ས་གོ་བརྒྱུད་དེ་ ཚོགས་རྒྱན་བསྐྱུར་མི་མཐོ་ཤོས་རང་ བརྒྱ་ཆ་ལས་བཅས་པ་ཅིན་ ལྷུན་རྩེ་རྫོང་ཁག་ནང་ལུ་ བརྒྱ་ཆ་༩༦ མ་ལངམ་ཅིག་གིས་ ཚོགས་རྒྱན་བསྐྱུར་ཏེ་ཡོདཔ་དང་ འདི་གི་ཤུལ་ལས་རང་ རྩི་རང་རྫོང་ཁག་འདི་ཨིན་མས།

འདི་ཡང་ ལྷུན་རྩེ་རྫོང་ཁག་ནང་ལུ་ ལྷན་ཐབས་ཀྱི་ས་གོ་བརྒྱུད་དེ་ ཚོགས་རྒྱན་བསྐྱུར་ནི་སྦེ་ ཐོ་བཀོད་འབད་མི་༩༧༠ ཡོད་ས་ལས་༩༢༩ གིས་ ཚོགས་རྒྱན་བསྐྱུར་ཡོདཔ་ཨིན་མས།

བརྒྱ་ཆ་ལས་བཅད་པ་ཅིན་ ས་གོ་འདི་བརྒྱུད་དེ་ ཚོགས་རྒྱན་བསྐྱུར་པར་འོང་མི་གི་གྱངས་ཁ་ དམའ་ཤོས་རང་ ཐིམ་ཕུག་དང་ སྤ་རོ་རྫོང་ཁག་ནང་ལུ་ཡོདཔ་སྦེ་མཐོང་ནུག

འབྲུག་གི་བཙག་འཐུ་ལྷན་ཚོགས་ནང་ལས་ གནས་ཚུལ་གསར་སྟོན་ཅིག་བཏོན་མི་དང་འཁྲིལཔ་ད་ ལྷན་ཐབས་ཀྱི་ས་གོ་ཚུ་བརྒྱུད་དེ་ ཚོགས་རྒྱན་བསྐྱུར་མི་ཚུ་ གཟའ་པ་སངས་ཀྱི་ཚེས་ གྲངས་རྩིས་ཀྱི་དོན་ལས་ ངོས་ལེན་འགོ་དཔོན་ཚུ་ལུ་ འབྲུག་འགྲེམ་བརྒྱུད་དེ་བཏང་སྟེ་ཡོདཔ་སྦེ་ཨིན་མས།