གཟའ་མིག་དམར། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༩

བཀྲིས་གཡང་རྩེ་ལུ་ ཚོད་བསྲེ་བཙོང་སའི་ ས་གོ་མ་ལང་པའི་གདོང་ལེན།

སྤྱི་ཟླ་༡༠ པའི་ཚེས་ ༡༡ ༢༠༡༨

༉ བཀྲིས་གཡང་རྩེ་ལུ་ ཚོད་བསྲེ་བཙོང་མི་ཚུ་ལུ་ ཚོང་ཉོ་མི་དང་ བསྐྱེལ་འདྲེན་འབད་ནི་ནང་ལུ་ དཀའ་ངལ་ག་ནི་ཡང་མེདཔ་ཨིན་རུང་ ཐོན་སྐྱེད་ཚུ་བཙོང་སའི་ ས་གོ་མ་ཐོབ་པའི་ གདོང་ལེན་བྱུང་སྟེ་འདུག

ཚོང་པ་ཚུ་གིས་སླབ་མི་ནང་ ཚོད་བསྲེ་བཙོང་སའི་ ས་གོ་ལངམ་སྦེ་མེད་མི་ལུ་བརྟེན་ ཚོང་པ་ཕྱེད་དེ་ཅིག་གིས་རང་ ཁོང་ཆ་ཁྱབ་ཀྱི་ ཐོན་སྐྱེད་ཚུ་ གཞན་མི་ ས་གོ་ཚུ་ནང་ལས་ཕར་ བཙོང་དགོཔ་འཐོན་དོ་ཡོདཔ་ལས་ དཀའ་ངལ་ལེ་ཤ་ཅིག་རང་ འཐོན་མས་ཟེར་བཤད་ཅི།

འདི་བཟུམ་སྦེ་ ལ་ལུ་ཅིག་གིས་ཚོད་བསྲེ་ཚུ་ སྣུམ་འཁོར་བཞག་སའི་ས་གོ་དང་ ཚོད་བསྲེ་བཙོང་སའི་ས་གོ་ནང་འགྱོ་སའི་ ལམ་བདའ་སྟེ་ བཙོང་དགོཔ་འཐོན་ཏེ་ཡོདཔ་ཨིན།

འདི་འབདཝ་ལས་ ས་གོ་འདི་ནང་ལུ་ མི་མང་ཤོང་པའི་དཀའ་ངལ་འཐོན་དོ་ཡོད་པའི་ཁར་ ས་གནས་འདི་ འཕྱག་སྙིགས་ཀྱིས་ གང་དོ་ཡོདཔ་ཨིན་མས།

ཚོད་བསྲེ་བཙོང་མི་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱི་ ཚོད་བསྲེ་ཚུ་ ལམ་བདའ་སྟེ་ བཙོང་དགོཔ་འཐོན་མི་ལས་བརྟེན་ཏེ་ ཚོད་བསྲེ་ཚུ་ ཉིནམ་དང་ཆརཔ་གིས་ མེདཔ་བཏང་དོ་ཡོདཔ་ལས་ མི་ཚུ་གིས་ ཁོང་གིས་ཐོན་སྐྱེད་ཚུ་ ཉོ་ནི་གི་ དང་འདོད་མི་བསྐྱེད་པས་ཟེར་བཤད་ཅི།

འདི་འབདཝ་ལས་ ཚོད་བསྲེ་བཙོང་སའི་ས་གོ་འདི་ སྦོམ་སུ་ཅིག་སྦེ་ རྐྱབ་འབྱིན་པ་ཅིན་ དཀའ་འདྲིན་ཆེ་ནི་མས་ཟེར་ཨིན་མས།

ཚོད་བསྲེ་བཙོང་སའི་ས་གོ་ནང་ལུ་ ཚོད་བསྲེ་བཙོང་མི་ལ་ལོ་ཅིག་གིས་ གཏན་འཇགས་ཀྱི་ འགུར་སྤུབས་ཏེ་ཡོདཔ་ལས་ ཧེང་སྐལ་རང་ ས་གོ་མ་ལང་པའི་ དཀའ་ངལ་འཐོན་ཏེ་འདུག

འདི་ལུ་ རྫོང་ཁག་ཁྲོམ་སྡེ་ཡིག་ཚང་གིས་སླབ་མི་ནང་ ད་རེས་ ཚོད་བསྲེ་བཙོང་སའི་ས་གོ་ གསརཔ་རྐྱབ་ནི་དང་ ས་གོ་རྒྱ་སྐྱེད་འབད་ནི་གི་ འཆར་གཞི་ཚུ་ ག་ནི་ཡང་ མེདཔ་སྦེ་བཤད་ཅི།

ཨིན་རུང་ ས་གོ་འདི་ནང་ལུ་ གཏན་འཇག་སྦེ་ འགུར་སྤུབས་སྟེ་སྡོད་མི་གི་ཐད་ཁར་ འགུར་ཚུ་ཤུབས་དགོ་པའི་ ཉེན་བརྡ་འབད་དེ་ཡོདཔ་ལས་ དཀའ་ངལ་འདི་ དུམ་གྲ་ཅིག་ སེལ་ཚུགས་པའི་ རེ་བ་འདུག