གཟའ་མིག་དམར། ༢༠༡༩ ཟླ་༧ པའི་སྤྱི་ཚེས་༢༢

འབྲུག་པའི་སྐྱེས་ལོ་༡༨མན་ཆད་ཀྱི་བུམོ་གི་སྡེ་ཚན་གིས་ མཱལ་དིཕིསི་གི་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢ ༢༠༡༨

༉ འབྲུག་པའི་སྐྱེས་ལོ་༡༨མན་ཆད་ཀྱི་བུམོ་གི་སྡེ་ཚན་གིས་ ལྷོ་ཨེ་ཤི་ཡཱན་རྐང་རྩེད་ཚོགས་པའི་ སྐྱེས་ལོ་༡༨མན་ཆད་ཀྱི་ བུམོ་ཚུ་གི་རྐང་རྩེད་འགྲན་བསྡུར་ནང་ལས་ ཁ་ཙ་ མཱལ་དིཕིསི་གི་སྡེ་ཚན་ལུ་ གཱོལ་༡༣བཙུགས་ཏེ་སྦེ་ རྒྱལ་ཁ་ཐོབ་ནུག

འབྲུག་པའི་ཨམ་སྲུ་གི་སྡེ་ཚན་འདི་གིས་ ད་རེས་ རྒྱལ་ཁ་ཐོབ་མི་འདི་ འདས་པའི་ཟླཝ་ནང་ སྐྱེས་ལོ་༡༥མན་ཆད་ཀྱི་ འབྲུག་པའི་རྒྱལ་ཡོངས་ཨམ་སྲུ་གི་སྡེ་ཚན་གྱིས་ སི་རི་ལངྐ་གི་སྡེ་ཚན་འདི་ གཱོལ་༦བཙུགས་ཏེ་སྦེ་ ཕམ་བཏང་པའི་ཤུལ་ལས་རང་ གྲུབ་འབྲས་སྦོམ་ཤོས་ཅིག་ཨིན་མས།

འབྲུག་པའི་སྡེ་ཚན་འདི་ རྩེད་འགྲན་འགོ་དང་པའི་ནང་ལུ་ རྒྱ་གར་གྱི་སྡེ་ཚན་ལས་ གཱོལ་༤གིས་ ཕམ་སོངཔ་ལས་ འགྲན་བསྡུར་འདི་ནང་ལུ་ གོ་སྐབས་འཕྲོ་མཐུད་དེ་རང་ལེན་ནི་གི་དོན་ལུ་ མཱལ་དིཕིསི་གི་སྡེ་ཚན་ལས་ རྒྱལ་ཁ་ཐོབ་དགོཔ་འདི་ ཁག་ཆེཝ་སྦེ་རང་སྡོད་ནུག

འབྲུག་པའི་སྡེ་ཚན་གྱིས་ ཁ་ཙ་ རྒྱལ་ཁ་ཐོབ་སྟེ་ཡོད་རུང་ ད་ལས་ཕར་གྱི་རྩེད་འགྲན་ནང་ལུ་ གོ་སྐབས་ལེན་ནི་གི་དོན་ལས་ ནངས་པ་གི་རྩེད་འགྲན་ལུ་ བསྒུག་དགོཔ་འཐོན་ཏེ་འདུག

འདི་ཡང་ ནངས་པ་གི་རྩེད་འགྲན་ནང་ལུ་ རྒྱ་གར་གྱིས་ མཱལ་དིཕིསི་གི་སྡེ་ཚན་ལས་ རྒྱལ་ཁ་ཐོབ་པ་ཅིན་དང་ ཡང་ན་ འདྲན་འདྲ་སྦེ་ལུས་པ་ཅིན་ འབྲུག་པའི་སྡེ་ཚན་འདི་ སྡེ་ཚན་ཀ་པའི་ནང་ལས་ དྲག་ཤོས་༢པ་ཅིག་སྦེ་ མཐའ་དཔྱད་འགྲན་བསྡུར་འོག་མ་ནང་ལུ་ ལྷོད་ནི་ཨིན་མས།

མཐའ་དཔྱད་འགྲན་བསྡུར་འོག་མ་ནང་ལུ་ འབྲུག་པའི་སྡེ་ཚན་གྱིས་ སྡེ་ཚན་ཁ་པའི་ནང་ལས་ སྦལ་བུ་དང་བང་ལ་དེཤི་གཉིས་ལས་ དྲག་ཤོས་ག་འཐོན་མི་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་མས།

འདི་བཟུམ་སྦེ་ ཁ་ཙ་ རྩེད་འགྲན་ཁག་༢པའི་ནང་ལུ་ བང་ལ་དེཤི་གི་སྡེ་ཚན་གིས་ པ་ཀིསི་ཏཱན་གྱི་སྡེ་ཚན་ལུ་ གཱོལ་༡༧བཙུགས་ཡོདཔ་ཨིན་རུང་ པ་ཀིསི་ཏཱན་གྱི་སྡེ་ཚན་གྱིས་ གཱོལ་༡ཡང་ བཙུགས་མ་ཚུགསཔ་ཨིན།

པ་ཀིསི་ཏཱན་གྱི་སྡེ་ཚན་འདི་ རྩེད་འགྲན་ཁག་༢ཆ་རའི་ནང་ལས་ ཕམ་སོང་མི་ལུ་བརྟེན་ འགྲན་བསྡུར་འདི་ནང་ལས་ དགོངསམ་ཞུ་འགྱོ་མི་ སྡེ་ཚན་དང་པ་ཅིག་ཨིན་མས།

ལྷོ་ཨེ་ཤི་ཡཱན་རྐང་རྩེད་ཚོགས་པའི་ སྐྱེས་ལོ་༡༨མན་ཆད་ཀྱི་ བུམོ་ཚུ་གི་རྐང་རྩེད་འགྲན་བསྡུར་འདི་ཡང་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ལུ་སྦེ་ འགོ་འདྲེན་འཐབ་པའི་བསྒང་རང་འདུག