གཟའ་ཟླ་བ། ༢༠༡༩ ཟླ་༡༢ པའི་སྤྱི་ཚེས་༡༥

ཁ་གླིང་ལུ་ ལྕངམ་གསོ་སྐྱོང་ཁང་གི་ཚོང་འབྲེལ་འདི་ ལེགས་ཤོམ་སྦེ་འགྱོ་མ་བཏུབ་པར་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༦ ༢༠༡༨

༉ བཀྲ་ཤིས་སྒང་རྫོང་ཁག་ ཁ་གླིང་ལུ་ མི་སེར་སོ་ནམ་པ་གཅིག་གིས་ ཧེ་མ་ ཤིང་འབྲས་ཀྱི་ལྕངམ་ གསོ་སྐྱོང་ཁང་གཅིག་འགོ་བཙུགས་པའི་སྐབས་ ཚོང་འབྲེལ་ལེགས་ཤོམ་སྦེ་རང་འགྱོ་ཡོདཔ་ཨིན་རུང་ འཕྲལ་ཁམས་གཅིག་ལས་ ལེགས་ཤོམ་སྦེ་འགྱོ་མ་བཏུབ་པར་འདུག

སྐྱེས་ལོ་༤༢ལང་མི་ ཆོས་སྐྱིད་རྡོ་རྗེ་འདི་ བཀྲ་ཤིས་སྒང་རྫོང་ཁག་ནང་ལུ་ ལྕངམ་གསོ་སྐྱོང་ཁང་བཙུགས་མི་ འགོ་དང་པ་ཅིག་ཨིནམ་ད་ ཁོ་གིས་སླབ་མི་ནང་ ད་རེས་ནངས་པ་ ཤིང་འབྲས་ཀྱི་ལྕངམ་མཁོ་འདོད་བསྐྱེད་མི་འདི་ ཧེ་མ་བཟུམ་སྦེ་ འཐོན་ནི་མིན་འདུག་ཟེར་བཤད་ཅི།

ཁོ་གིས་ ལྕངམ་གསོ་སྐྱོང་ཁང་འདི་བཙུགས་ཏེ་སྦེ་ ལོ་༡༨དེ་ཅིག་ལང་པའི་ཤུལ་མ་ ད་རེས་ ཁོ་གི་ཚོང་ལཱ་འདི་ སྒོ་བསྡམ་ནི་གུ་ཐུག་སྟེ་འདུག

ཆོས་སྐྱིད་ཀྱིས་བཤད་མི་ནང་ ཧེ་མ་འབད་བ་ཅིན་ ཁོ་རའི་ཤིང་འབྲས་ཀྱི་ལྕངམ་ཚུ་ རྫོང་ཁག་བདག་སྐྱོང་དང་ ཝེང་མཁར་ཞིབ་འཚོལ་ལྟེ་བ་གིས་ཡང་ ཉོ་འབག་ནི་ཡོད་རུང་ ད་རེས་ ཚོང་འབྲེལ་འཐབ་མ་ཚུགས་པར་ ལོ་༢དེ་ཅིག་འགྱོ་ཡི་ཟེར་ཨིན་མས།

ད་རུང་ ཁོ་གིས་བཀོད་མི་ནང་ ཧེ་མ་ ཚོང་འབྲེལ་ཚུ་ ལེགས་ཤོམ་སྦེ་འཐབ་ཚུགས་པའི་སྐབས་ ཤིང་འབྲས་ཀྱི་ལྕངམ་ཚུ་ མོང་སྒར་ལས་ཕར་ཡང་ བཀྲམ་སྤེལ་འབད་དེ་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་སྟོང་ཕྲག་༢༠དང་༣༠གི་བར་ན་ བཟོ་ཚུགས་ཏེ་སྡོད་ཅི་ཟེར་བཤད་ཅི།

ཁོ་གིས་ ཤིང་འབྲས་ཀྱི་ལྕངམ་གཙོ་བོ་རང་ གླི་དང་ཨན་འབྲས་ཚུ་བཙུགས་དོ་ཡོདཔ་ད་ ད་རེས་ ཁོ་ལུ་ ཤིང་འབྲས་ཀྱི་ལྕངམ་༣༠༠དེ་ཅིག་ བཙོང་ཆོགཔ་སྦེ་ཡོདཔ་ཨིན་མས།

རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ པདྨ་དབང་ཕྱུག་གིས་བཀོད་མི་ནང་ ཆོས་སྐྱིད་ལུ་ རྒྱབ་སྐྱོར་འབད་ནི་གི་དོན་ལུ་ ཐབས་ལམ་ཚུ་བཏོན་པའི་བསྒང་རང་ཡོད་རུང་ ད་རེས་ནངས་པ་ མི་ཚུ་གིས་ ཚ་དྲོད་རན་ཏོག་ཏོ་ཡོད་པའི་ ས་སྒོ་ཚུ་ནང་ཚོ་བཏུབ་མི་ ཤིང་འབྲས་ཚུ་བཙུགས་ནི་ནང་ གདམ་ཁ་རྐྱབ་མས་ཟེར་ཨིན་མས།

གླི་དང་ཨན་འབྲས་འདི་ ས་ཁ་མཐོ་ས་ལས་ཕར་རྐྱངམ་ཅིག་ སྐྱེས་བཏུབ་དོ་ཡོདཔ་སྦེ་ཨིན་མས།

ད་རུང་ ཁོ་གིས་སླབ་མི་ནང་ ཆོས་སྐྱིད་ཀྱི་ཚོང་འབྲེལ་མར་ཉམས་འགྱོ་དགོ་པའི་ གནད་དོན་གཅིགཔོ་འདི་ རྫོང་ཁག་འདི་ནང་ལུ་ ལྕངམ་གསོ་སྐྱོང་ཁང་བཙུགས་མི་ ཡར་སེང་འགྱོ་སྟེ་ཡོད་མི་འདི་གིས་ཡང་ ཨིནམ་འོང་ཟེར་བཤད་ཅི།

ད་རེས་ བཀྲ་ཤིས་སྒང་རྫོང་ཁག་ནང་ལུ་ སྟར་གོ་དང་རྒྱ་གར་སྐྱུརཔོ་ དེ་ལས་ ཉ་ཁག་ཅུ་གི་ལྕངམ་གསོ་སྐྱོང་འཐབ་མི་ གསོ་སྐྱོང་ཁང་༦ཡོདཔ་ཨིན་མས།