གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

ཚོང་ལཱ་འབད་མི་ཨམ་སྲུ་ཚུ་ལུ་ མ་དངུལ་མ་འཐོབ་པའི་གདོང་ལེན་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༤ ༢༠༡༨

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་སྙན་ཞུ་དང་འཁྲིལཔ་ད་ དྲི་བཀོད་འབད་མི་ མི་བརྒྱ་ཆ་༤༩ལྷགཔ་ཅིག་གིས་རང་ ཨམ་སྲུ་ཚོང་ལཱ་འབད་མི་ཚུ་ལུ་ ཚོང་འབྲེལ་འགོ་བཙུགས་ནི་གི་དོན་ལུ་ མ་རྩ་ཐོབ་མ་ཚུགས་པའི་ གདོང་ལེན་འབྱུང་དོ་ཡོདཔ་སྦེ་ སླབ་སྟེ་ཡོདཔ་ཨིན་མས།

ཚོང་འབྲེལ་གྱི་སྐྱིན་འགྲུལ་ལེན་ནི་ནང་ སྟབས་མ་བདེཝ་ཡོད་མི་འདི་ཡང་ སྐྱེད་མཐོ་སུ་སྦེ་ཡོད་མི་དང་ སྐྱིན་འགྲུལ་ལེན་ནི་གི་བྱ་རིམ་ སྟབས་མ་བདེཝ་སྦེ་ཡོད་མི་ དེ་ལས་ སྐྱིན་འགྲུལ་ལེན་པའི་སྐབས་ལུ་ གཏའ་མ་བཙུགས་དགོ་མི་ལུ་བརྟེན་ཏེ་ཨིནམ་སྦེ་ མཐོང་སྟེ་འདུག

ད་རུང་ སྙན་ཞུ་འདི་དང་འཁྲིལ་བ་ཅིན་ ཚོང་ལཱ་ཆུང་བ་འབད་མི་ ཨམ་སྲུ་ཚུ་ལུ་ ཚོང་ལཱ་འགོ་འདྲེན་འཐབ་ནི་དང་རྒྱ་སྐྱེད་བཏང་ནི་ དེ་ལས་ གསར་གཏོད་འབད་ནི་ཚུ་གི་དོན་ལུ་ མ་དངུལ་དགོཔ་ཐོན་དོ་ཡོདཔ་ཨིན་རུང་ ཁོང་ཆ་ཁྱབ་ཀྱིས་ དངུལ་ཁང་ནང་ལས་ སྐྱིན་འགྲུལ་ལེན་ནི་ནང་ གདམ་ཁ་མི་རྐྱབ་དོ་ཡོདཔ་སྦེ་ཨིན་མས།

འདི་ཡང་ དངུལ་ཁང་ནང་ལས་ སྐྱིན་འགྲུལ་ལེན་ནི་འདི་ ཉེན་ཁ་ཆེ་མི་དང་སྐྱིན་འགྲུལ་ཚུ་ དུས་ཚོད་ཁར་ བཏབ་མ་ཚུགས་པའི་ཚ་གྱང་ཡོདཔ་ལས་ ཚོང་འབྲེལ་འཐབ་མི་ཨམ་སྲུ་མང་ཤོས་ཅིག་གིས་རང་ ཚོང་ལཱ་འབད་ནི་དོན་ལུ་ ཏི་རུ་བསགས་བཞིན་ན་ འགོ་འདྲེན་འཐབ་སྟེ་འདུག་ཟེར་ཨིན་མས།

 འདི་བཟུམ་སྦེ་ ཞིབ་འཇུག་འདི་གི་སྐབས་ལུ་ འབྲུག་པའི་ཨམ་སྲུ་ཚོང་ལཱ་འཐབ་མི་ཚུ་ལུ་ ཚོང་བཙུགས་སའི་ས་གོ་མ་ཐོབ་མི་དང་ ཚོང་འབྲེལ་གྱི་རིག་རྩལ་མེད་མི་ དེ་ལས་ ཚོང་ལཱ་ལེགས་ཤོམ་སྦེ་ འགྱོ་མ་བཏུབ་པ་ཅིན་ཟེར་བའི་ཚ་གྱང་དང་ ཤེས་ཡོན་མེད་པའི་གདོང་ལེན་ཚུ་རྩིས་ཏེ་ གདོང་ལེན་ཁག་༣༠དེ་ཅིག་བྱུང་དོ་ཡོདཔ་སྦེ་ བཤད་དེ་འདུག

ཞིབ་འཇུག་གི་སྐབས་ལུ་ གནས་སྡུད་ཚུ་ཡང་ མོང་སྒར་དང་བསམ་གྲུབ་ལྗོངས་མཁར་ དེ་ལས་ དགེ་ལེགས་ཕུག་དང་ཕུན་ཚོགས་གླིང་ འདི་བཟུམ་སྦེ་ ཐིམ་ཕུག་ལས་ ཚོང་ལཱ་འབད་མི་ཨམ་སྲུ་༣༦༣གྱི་ནང་ལས་ ལེན་ནུག

ཞིབ་འཚོལ་འདི་ཡང་ ཨམ་སྲུ་ཚུ་གི་ མི་སྡེ་དང་དཔལ་འབྱོར་ཚུ་ ཡར་དྲག་བཏང་དགོ་པ་ཅིན་ ཨམ་སྲུ་ཚུ་ དཔལ་འབྱོར་གྱི་ཐད་ཁར་ ལྕོགས་གྲུབ་ཡོདཔ་སྦེ་བཟོ་དགོཔ་འདི་ ཁག་ཆེཝ་སྦེ་རང་ཡོད་མི་གུ་ གཞི་བཞག་སྟེ་འགོ་འདྲེན་འཐབ་སྟེ་འདུག

འདི་འབདཝ་ལས་ ཞིབ་འཇུག་འདི་གིས་ གཞུང་དང་གཞུང་མིན་ཚོགས་པ་ དེ་ལས་ གྲོགས་རམ་འབད་མི་དང་ སྒེར་སྡེ་ཚུ་གིས་ རྒྱལ་ཁབ་ནང་ལུ་ ཨམ་སྲུ་ཚུ་གི་ཚོང་ལཱ་ཚུ་ ཡར་དྲག་བཏང་ནི་ནང་ ལྷན་ཐབས་འབད་ནི་གི་ཐབས་ལམ་ཚུ་ ངོས་འཛིན་འབད་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་མས།

རྩིས་དཔྱད་བཀོད་འཛིན་གྱིས་ སྙན་ཞུ་འདི་ཡང་ དུས་ཅི་ སྤྱི་ཟླ་༥པའི་ནང་ལུ་ གསར་བཏོན་འབད་དེ་འདུག