གཟའ་སྤེན་པ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༠

འབྲུག་པའི་ཊའི་ཝོན་ཌོ་གི་ལུས་རྩལཔ་གཉིསཔོ་འདི་ ནོག་ཝའུཊ་གི་བསྐོར་ཐེངས་ནང་ལས་ ཕམ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༢༡ ༢༠༡༨

༉ ཨིན་ཌོ་ནི་ཤི་ཡ་ལུ་སྦེ་ འགོ་འདྲེན་འཐབ་པའི་བསྒང་རང་ཡོད་མི་ ཨེ་ཤི་ཡཱན་རྩེད་རིགས་ཀྱི་ལས་རིམ་ནང་ལུ་ ད་རིས་ འབྲུག་པའི་ཊའི་ཝོན་ཌོ་གི་ལུས་རྩལཔ་གཉིསཔོ་འདི་ ནོག་ཝའུཊ་གི་བསྐོར་ཐེངས་ནང་ལས་ ཕམ་སོང་ནུག

ལུས་རྩལཔ་བསོད་ནམ་དབྱངས་མཚོ་འདི་ ཀོ་ཊར་ཕའི་ནཱལ་ནང་ལུ་ལྷོདཔའི་ཤུལ་མ་ ཕམ་ཡོདཔ་ད་ བསྟན་འཛིན་རྡོ་རྗེ་འདི་ བསྐོར་ཐེངས་༣༢ནང་ལུ་ལྷོདཔ་ད་ ཕམ་སོངཔ་ཨིན་མས།

སྐྱེས་ལོ་༡༨ལང་མི་ བསོད་ནམས་དབྱངས་མཚོ་གིས་ འགོ་དང་པ་རང་ ལའོསི་ལས་ རྩེད་འགྲན་པ་སོ་ནི་སཱ་བཱན་དང་གཅིག་ཁར་ དོ་འགྲན་འབད་མི་དང་འབྲེལ་ རྒྱལ་ཁ་ཐོབ་ཚུགས་ཅི།

འདི་གི་ཤུལ་ལས་ མོ་གིས་ ལྗིད་ཚད་ཀེ་ཇི་༦༧མན་ཆད་ཀྱི་དབྱེ་ཁག་ནང་ལུ་ འཛམ་གླིང་ནང་ལུ་ གནས་རིམ་དང་པའི་ནང་ཚུད་དེ་ཡོད་མི་ རྒྱ་ནག་ལས་ མཱེན་ཇུ་ཞང་དང་གཅིག་ཁར་ དོ་འགྲན་འབད་དགོཔ་འཐོན་ནུག

དེ་བསྒང་ རྒྱ་ནག་གི་ལུས་རྩལཔ་འདི་གིས་ སྐུགས་༣༥བཟོ་ཚུགས་ཡོདཔ་ཨིན་རུང་ བསོད་ནམས་དབྱངས་འཚོ་གིས་ སྐུགས་གཅིག་ཡང་ བཟོ་མ་ཚུགསཔ་ལས་ ཕམ་སོངཔ་ཨིན་མས།

འདི་བཟུམ་སྦེ་ དྲོ་པ་ ལྗིད་ཚད་ཀེ་ཇི་༥༨མན་ཆད་ཀྱི་དབྱེ་ཁག་ནང་ལུ་ བསྟན་འཛིན་རྡོ་རྗེ་གིས་ སྦལ་བུ་གི་ལུས་རྩལཔ་ ས་གར་གུ་བཱ་ཇུ་དང་ཆ་ དོ་འགྲན་འབད་ནུག

དེ་བསྒང་ སྦལ་བུ་གི་ལུས་རྩལཔ་འདི་གིས་ སྐུགས་༥༤བཟོ་ཡོདཔ་ཨིན་རུང་ བསྟན་འཛིན་རྡོ་རྗེ་གིས་ སྐུགས་༤༠ལས་བརྒལ་ བཟོ་མ་ཚུགསཔ་ལས་ ཕམ་སོངཔ་ཨིན།

འབྲུག་པའི་མདའ་རྩེདཔ་ཚུ་གིས་ རྩེད་འགྲན་འདི་ ནངས་པ་ལས་འབད་ནི་ཨིནམ་ད་ འདི་བཟུམ་སྦེ་ མཛོག་ཁྱད་དང་གཱོལཕི་གི་རྩེད་འགྲན་རེའུ་མིག་ཚུ་ཡང་ མགྱོགས་པ་རང་ བཏོན་ནི་སྦེ་འདུག

ཉིནམ་༡༦གི་ལས་རིམ་འདི་ནང་ལུ་ རྒྱལ་ཁབ་༤༥གི་ནང་ལས་ ལུས་རྩལཔ་དང་ཁྱད་རིག་པ་སྟོང་ཕྲག་༡༧ལྷགཔ་ཅིག་གིས་ གྲལ་ཁར་གཏོགས་པའི་བསྒང་རང་འདུག