གཟའ་སྤེན་པ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༠

ཀྲོང་གསར་ལུ་ སྤྱ་ལས་བརྟེན་ཏེ་ ས་གནས་ཀྱི་མི་སེར་ཚུ་ལུ་ སྟབས་མ་བདེཝ་འཐོན་དོ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༢ ༢༠༡༨

༉ ཀྲོང་གསར་ལུ་ སྤྱ་གི་གྱངས་ཁ་འདི་ ཡར་སེང་འགྱོ་དོ་ཡོད་མི་དང་འབྲེལ་ རྫོང་དང་རྫོང་གི་སྦོ་ལོགས་ཁར་སྡོད་མི་ཚུ་ལུ་ སྟབས་མ་བདེཝ་འཐོན་ཏེ་འདུག

ས་གནས་ནང་གི་ མི་ཚུ་གིས་སླབ་མི་ནང་ སྤྱ་ཚུ་གིས་ ཁོང་རའི་ཁྱིམ་ཚུ་ནང་ལས་ཕར་འཛུལ་ཏེ་ གནོད་པ་བཀལ་དོ་ཡོདཔ་ལས་ ཁོང་ཆ་ཁྱབ་ ཉིནམ་རན་ཆད་མེད་པར་ སྤྱ་ཚུ་བདའ་སྟེ་རང་ སྡོད་དགོཔ་འཐོན་མས་ཟེར་བཤད་ཅི།

ད་རུང་ ཁོང་ཆ་ཁྱབ་ཀྱིས་བཀོད་མི་ནང་ སྤྱ་འོང་མི་གི་གྱངས་ཁ་འདི་ཡང་ ལོ་༧དེ་ཅིག་གི་ཧེ་མ་ རྫོང་གི་འོག་ལས་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་དོན་ལས་ ཆུའི་བཀག་ར་རྐྱབ་མི་ལས་ཚུར་ ཡར་སེང་འགྱོ་ཡི་ཟེར་ཨིན་མས།

སྤྱ་ཚུ་ རྫོང་ནང་འཛུལ་ནི་ལས་ བཀག་ཆ་འབད་ནི་གི་དོན་ལུ་ འདས་པའི་ལོ་༡༠གྱི་ཧེ་མ་ གློག་མེའི་ར་བ་ བསྒོར་ཡོདཔ་ཨིན་རུང་ ད་རེས་ ར་བ་འདི་ ལཱ་འབད་མ་བཏུབ་པར་ཡོདཔ་ལས་ སྤྱ་ཚུ་གིས་ འཚེར་སྣང་ག་ནི་ཡང་མེད་པར་ རྫོང་དང་རྫོང་གི་སྦོ་ལོགས་ཁ་ལས་ཕར་ འོང་དོ་ཡོདཔ་སྦེ་ཨིན་མས།

སྤྱ་ཚུ་ཡང་ རྫོང་དང་ཚོང་ཁང་ཚུ་ནང་ལས་ཕར་ ཟ་འཐུང་དང་ཅ་ལཱ་ཚུ་ ཨརཝ་བརྐུ་བར་འོང་དོ་ཡོདཔ་མ་ཚད་ བལྟ་རྫོང་ལུ་ཡང་ སྟབས་མ་བདེཝ་ཚུ་ འཐོན་དོ་ཡོདཔ་ཨིན་མས།

སྤྱ་ཚུ་གིས་ གློག་ཐག་ཚུ་གུ་ལས་ཕར་ཡང་ འཛེགས་དོ་ཡོད་པའི་ཁར་ མཆོད་བཤམ་ནང་ལས་ཕར་ཕུལ་ཡོད་པའི་ དཀར་མེ་ཚུ་ལུ་དཀྲོགས་ཏེ་ ཁྱིམ་མེ་ཤོར་ནི་གི་ ཉེན་ཁ་ཆེ་སུ་ཅིག་ལུ་ འགྱུར་ཏེ་ཡོདཔ་སྦེ་ཨིན་མས།

འདི་ལུ་ ས་གནས་གཞུང་གི་འགོ་འཁྲིདཔ་ཚུ་གིས་སླབ་མི་ནང་ སྤྱ་ཚུ་ རང་སྡོད་སའི་ས་སྒོ་ཚུ་ནང་ལས་ཕར་འོང་པའི་སྐབས་ བདའ་བཏང་ནི་ལས་བརྒལ་ ཐབས་ལམ་གཞན་ ག་ནི་ཡང་མིན་འདུག་ཟེར་བཤད་ཅི།