གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༢༡

ལ་གོང་གསུམ་གྱི་མི་སེར་ཚུ་གི་དོན་ལུ་ འོང་འབབ་ཀྱི་གཞི་ངོ་མ་གཅིག་འདི་ དབྱར་རྩྭ་དགུན་འབུཔ་འདི་ཨིནམ།

སྤྱི་ཟླ་༧ པའི་ཚེས་ ༡༨ ༢༠༡༨

 ༉ རྒྱལ་ཁབ་ནང་གི་ ལ་གོང་གསུམ་གྱི་མི་སེར་ཚུ་གི་དོན་ལུ་ འོང་འབབ་ཀྱི་གཞི་ངོ་མ་གཅིག་འདི་ དབྱར་རྩྭ་དགུན་འབུཔ་འདི་ཨིན་མས།

དབྱར་རྩྭ་དགུན་འབུཔ་འདི་ཡང་ ལོ་༥གི་བར་ན་ ཚར་རེ་ ལོ་ལེགས་དོ་ཡོདཔ་ལས་ ལུང་ནག་ན་ལུ་ དུས་ཅི་ དབྱར་རྩྭ་དགུན་འབུཔ་འདི་ ས་གནས་ ཕང་མགུ་ཟེར་ས་ལུ་ ལོ་ལེགས་ཡོདཔ་ཨིན་མས།

འདི་འབདཝ་ལས་ ལུང་ནག་ན་གི་ཁྱིམ་གུང་ག་རའི་ནང་ལས་ ཕང་མགུ་ལུ་ དུས་ཅི་ འབུཔ་འདི་འཐུ་བར་ འགྱོ་སྟེ་ཡོདཔ་ལས་ མི་ཚུ་གིས་ འོང་འབབ་ཡང་ ལེགས་ཤོམ་སྦེ་རང་ བཟོ་ཚུགས་པའི་རེ་བ་བསྐྱེད་དེ་འདུག

བྱང་ཆུབ་ཀྱིས་སླབ་མི་ནང་ རིན་བསྡུར་གྱི་སྐབས་ལུ་ དབྱར་རྩྭ་དགུན་འབུཔ་གི་གོང་ཚད་ཚུ་ ལེགས་ཤོམ་སྦེ་ཐོབ་ཚུགས་པ་ཅིན་ འོང་འབབ་དངུལ་ཀྲམ་འབུམ་༤དེ་ཅིག་ བཟོ་ཚུགས་པའི་རེ་བ་ཡོད་ཟེར་བཤད་ཅི།

དབྱར་རྩྭ་དགུན་འབུཔ་འདི་ཡང་ ལོ་ཚད་དམའ་ཤོས་རང་ སྐྱེས་ལོ་༡༦ལས་ མཐུ་ཐག་ཆོགཔ་སྦེ་ཡོད་རུང་ ལོ་ལེགས་པའི་སྐབས་ལུ་ ཨ་ལུ་བུཚ་དང་བུམོ་ ལོ་༨ལང་མི་ཚུ་ཡང་ འབུཔ་འདི་ འཐུ་བར་འགྱོཝ་ཨིན་མས།

དབྱར་རྩྭ་དགུན་འབུཔ་འཐུ་ནི་གི་དུས་ཚོད་འདི་ ད་རེས་ མཇུག་བསྡུ་སྟེ་ཡོདཔ་ལས་ རྒྱལ་ཁབ་ནང་གི་ ལ་གོང་གསུམ་གྱི་མི་སེར་ཚུ་ ཁོང་རའི་རིན་བསྡུར་འབད་སའི་ས་སྒོ་ནང་ལུ་ འབུཔ་བཙོང་པར་ འགྱོ་ནི་སྦེ་འདུག

ན་ཧིང་ དབྱར་རྩྭ་དགུན་འབུཔ་ཀེ་ཇི་རེ་ལུ་ གོང་ཚད་མཐོ་ཤོས་རང་ བུམ་ཐང་ལས་ དངུལ་ཀྲམ་འབུམ་༢༧རེ་ ཐོབ་མི་འདི་ཨིན་མས།