གཟའ་ཉི་མ། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༢༡

གཙང་ཆུ་བྲེས་མི་ལས་བརྟེན་ མི་སེར་ཚུ་ལུ་ཚ་གྱང་།

སྤྱི་ཟླ་༧ པའི་ཚེས་ ༡༠ ༢༠༡༨

༉ དར་དཀར་ན་རྫོང་ཁག་ ལྷ་མོའི་རྫིང་ཁ་དྲུང་ཁག་ནང་ལུ་ཡོད་པའི་ ཀཱ་ལི་མཁོ་ལ་གཙང་ཆུ་བྲེས་མི་ལུ་བརྟེན་ཏེ་ ཆུ་རུད་མི་འཐོན་ག་ཟེར་ སྦེ་ལི་ཊར་གི་མི་སེར་ཚུ་ལུ་ ཚ་གྱང་ལང་བཅུག་སྟེ་འདུག

གཙང་ཆུ་འདི་གིས་ སྤྱི་ལོ་༡༩༩༢་ལས་ཚུར་ ཆུ་རུད་ཚར་༥་འཐོན་ཡོདཔ་ལས་ ས་གཞི་མང་ཤོས་ཅིག་རང་ བཟའ་སྤྱོད་འབད་མ་བཏུབ་ཅིག་ལུ་ བཟོ་སྟེ་འདུག

འདི་བཟུམ་སྦེ་ དུས་ཅི་ཡང་ གཙང་ཆུ་འདི་ གཡུས་ཚན་ཁ་ཐུག་ ཁ་བསྒྱུར་ཏེ་ཡོདཔ་ལས་ མི་སེར་ཚུ་ ཚ་གྱང་ལང་དོ་ཡོདཔ་ཨིན་མས།

སྤྱི་ལོ་༢༠༡༦་ལུ་ གཙང་ཆུ་འདི་གི་མཐའམ་བདའ་སྟེ་ ཆུ་བྱག་ཚུ་རྐྱབ་པའི་ཤུལ་ བློ་བདེ་ཡོདཔ་ཨིན་རུང་ མི་ཚུ་གིས་སླབ་མི་ནང་ ཆུ་བྱག་འདི་གི་ལྟག་ལས་ ཆུ་འཛུལ་ནི་གི་ ཉེན་ཁ་ཡོདཔ་ཨིན་མས།

སྦེ་ལི་ཊར་ལུ་ ཁྱིམ་གུང་པ་༡༥་ལྷགཔ་ཅིག་ཡོད་མི་འདི་ ཨ་རྟག་རང་ ཆུ་རུད་མི་འཐོན་ག་མནོ་སྟེ་ ཚ་གྱང་ལངམ་ལང་ས་རང་ སྡོདཔ་ཨིན་མས།

རྒེད་འོག་བདག་སྐྱོང་གིས་འབད་བ་ཅིན་ གཙང་ཆུ་ཁ་བསྒྱུར་ཏེ་འོང་མི་འདི་ཡང་ མི་ཚུ་གིས་ ས་གནས་དེ་ཁ་ལས་ ཁྱིམ་རྐྱབ་ནི་དོན་ལུ་ བྱེམ་དང་རྡོ་བཏོན་མི་ལས་བརྟེན་ཏེ་ཨིན་ ཟེར་བཤད་ཅི།

འདི་འབདཝ་ལས་ རྒེད་འོག་གིས་ བྱེམ་བཏོན་མ་བཅུག་པར་བཞག་བཞིན་ན་ ཐབས་ལམ་གཞན་མི་ཅིག་སྟོན་ནི་གི་དོན་ལུ་ ནགས་ཚལ་འགོ་དཔོན་ཚུ་དང་གཅིག་ཁར་ ཁ་སླབ་པའི་བསྒང་རང་ཡོདཔ་སྦེ་ཨིན་མས།