གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

སྤུ་ན་ཁ་ལུ་ཁ་རི་མུ་ཟ་གི་ ཐོན་ཤུགས་ལེགས་ཤོམ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༢༢ ༢༠༡༨

༉ དུས་ཅི་ལས་འགོ་བཙུགས་ཏེ་ སྤུ་ན་ཁ་ལུ་ ནང་འཁོད་ལས་ཐོན་པའི་ཁ་རི་མུ་ཟ་ཚུ་ བཙོང་སར་མཐོང་ཚུགས་ནི་ཨིན་མས།

རྫོང་ཁག་འདི་ནང་ལུ་ དུས་ཅི་ ཁ་རི་མུ་ཟ་ལེགས་ཤོམ་སྦེ་བསྡུ་ཚུགས་ནི་འདི་གིས་ གཡུས་ཁའི་མི་མང་ཤོས་ཅིག་རང་ ཤིང་འབྲས་འདི་ བཙུགས་ནི་ནང་ལུ་ དང་འདོད་བསྐྱེད་དོ་ཡོདཔ་ཨིན་མས།

བསམ་ལྡིང་ཁ་གཡུས་ཚན་ནང་ལས་ སྐྱེ་ལོ་༦༠་ལང་མི་ པདྨ་རྡོ་རྗེ་གིས་ དུས་ཅི་ སྤྱི་ཟླ་༣་པའི་ནང་ལས་ ས་ཆ་ཨེ་ཀར་ཕྱེད་གི་ནང་ལུ་ ཁ་རི་མུ་ཟ་ཚུ་བཙུགས་ནུག

ཁོ་གིས་སླབ་མི་ནང་ འཕྲལ་ཁམས་ཅིག་ཁར་ ཁ་རི་མུ་ཟ་ དག་པ་ཅིག་བཙོང་མི་ལུ་བལྟ་བ་ཅིན་ ཁེབ་ས་འདི་ ལེགས་ཤོམ་སྦེ་རང་ འོང་ནི་བཟུམ་འཚོར་ཡི་ཟེར་བཤད་ཅི།

འདི་བཟུམ་སྦེ་ རྣམ་རྒྱལ་དབང་མོ་གིས་ཡང་ ཁ་རི་མུ་ཟ་བཙུག་སྟེ་ཡོདཔ་ལས་ མོ་གིས་ འཕྲལ་ཁམས་གཅིག་ཁར་ ཁ་རི་མུ་ཟ་ དངུལ་ཀྲམ་སྟོང་ཕྲག་ཕྱེད་ད་༢་དེ་ཅིག་གི་རྩིས་ བཙོང་ནུག

ནུབ་ཕྱོགས་རྫོང་ཁག་ནང་ལུ་ ཁ་རི་མུ་ཟ་ མཐར་འཁྱོལ་ཅན་ཅིག་སྦེ་ བསྡུ་ཚུག་མི་འདི་ ད་རེས་ འགོ་དང་པ་ཅིག་ཨིན་མས།

ཁ་རི་མུ་ཟ་བཙུགས་ནི་གི་ལཱ་འདི་ ཇཱ་པན་རྒྱལ་སྤྱིའི་མཉམ་འབྲེལ་ལས་སྡེ་འོག་གི་ ལས་འགུལ་ཅིག་སྦེ་ ན་ཧིང་ལས་འགོ་བཙུགས་ནུག

ད་རུང་ ལས་འགུལ་འདི་ གྲོང་གསེབ་ཀྱི་ མི་སེར་ཚུ་གི་དོན་ལུ་ འོང་འབབ་བཟོ་ནི་དང་ ཁ་རི་མུ་ཟ་ ནང་འདྲེན་འཐབ་མ་དགོཔ་སྦེ་ བཟོ་ནི་གི་ ཐབས་ཤེས་ཅིག་ཡང་ ཨིན་མས།

བ་ཇཱོ་གི་ སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་གིས་ སྤུ་ན་ཁ་ལུ་ སྟོད་ཝང་དང་བརཔ་ དེ་ལས་ ཆུ་སྦུག་རྒེད་འོག་༣་གྱི་ནང་ལུ་ ཁྱིམ་གུང་པ་༨་ལུ་ ཁ་རི་མུ་ཟ་ལྷམ་པ་༣་གྱི་སོན་ཚུ་བྱིན་ནུག

ལྟེ་བ་གིས་ ཁ་རི་མུ་བཙུག་ནི་ནང་ དང་འདོད་ཡོད་མི་ཚུ་ལུ་ སོན་དང་ཅ་ཆས་ དེ་ལས་ ཁྱད་རིག་ཀྱི་རྒྱབ་སྐྱོར་ཚུ་ སྟོང་པ་སྦེ་ འབྱིན་དོ་ཡོདཔ་ཨིན་མས།