གཟའ་མིག་དམར། ༢༠༡༩ ཟླ་༧ པའི་སྤྱི་ཚེས་༢༢

ས་གཞི་ཉམས་སྲུང་འབད་ཐབས་ལུ་ རྩྭ་ཀུ་ཤ་བཙུགས་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༢༠ ༢༠༡༨

༉ རྩི་རང་རྫོང་ཁག་ སེམས་ལྗོངས་རྒེད་འོག་ནང་ལུ་ རྩྭ་ཀུ་ཤ་བཙུགས་ནི་གི་ལས་འགུལ་ཅིག་ འགོ་འདྲེན་འཐབ་ཡོདཔ་ལས་ རྒེད་འོག་འདི་ནང་ལུ་ ས་རུད་ལས་བརྟེན་ཏེ་ ས་གཞི་ཉམས་འགྱོ་མི་གི་གནད་དོན་འདི་ མགྱོགས་པ་རང་ སེལ་ཚུགས་ནི་ཨིན་མས།

རྩྭ་ཀུ་ཤ་བཙུགས་ནི་གི་ལས་རིམ་འདི་ཡང་ གཟའ་ཟླཝ་གི་ཚེ་ འཛམ་གླིང་བྱེ་མའི་ཐང་ལུ་འགྱུར་ནི་ལས་བཀག་ནི་གི་ཉིནམ་ བརྩི་སྲུང་འབད་མི་དང་འབྲེལ་ འགོ་འདྲེན་འཐབ་ནུག

རྒེད་འོག་འདི་ནང་ཡོད་པའི་ བཀྲིས་གླིང་གཡུས་ཁའི་ མི་སེར་ཚུ་གིས་སླབ་མི་ནང་ ཧེ་མ་ཚར་ཅིག་ ཆུ་རུད་འཐོན་མི་ལུ་བརྟེན་ཏེ་ ཁྱིམ་གཅིག་ཧྲམ་བཏང་ཡོདཔ་མ་ཚད་ མི་༢ལུ་ཡང་ཤི་རྐྱེན་འབྱུང་ཡི་ཟེར་བཤད་ཅི།

འདི་འབདཝ་ལས་ གཡུས་ཁ་ལུ་ རུད་ཆད་ནི་གི་དཀའ་ངལ་འདི་ སེལ་ཐབས་སྒྲིག་ནི་གི་དོན་ལས་ སྤྱི་ལོ་༢༠༡༣ལུ་ ས་རུད་བཀག་ཐབས་སྡེ་ཚན་གཅིག་ཡང་ གཞི་བཙུགས་འབད་ནུག

ད་རེས་ སྡེ་ཚན་འདི་གིས་ རུད་ཆད་ནི་གི་ཉེན་ཁ་ཡོད་པའི་ས་ཁོངས་ ཨེ་ཀར་༧དེ་ཅིག་གི་ནང་ལུ་ རྩྭ་ཀུ་ཤ་གི་ལྕངམ་སྟོང་ཕྲག་༡༠དེ་ཅིག་ བཙུགས་ཡོདཔ་ཨིན་མས།

ས་རུད་བཀག་ཐབས་སྡེ་ཚན་གྱི་ཁྲི་འཛིན་ པུར་ན་བྷ་དུར་བིསི་ཏ་གིས་བཀོད་མི་ནང་ རྩྭ་ཀུ་ཤ་འདི་གིས་ ས་ཁ་ལས་འཐོན་པའི་ཆུ་འཐེན་དོ་ཡོདཔ་ལས་ ས་གཞི་འཛིན་སྐྱོང་གི་ནང་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་མས།

འདི་བཟུམ་སྦེ་ མི་སེར་ཚུ་གིས་བཀོད་མི་ནང་ རྩྭ་ཀུ་ཤ་བཙུགས་མི་འདི་གིས་ ས་གཞི་སྲུང་སྐྱོབས་འབད་ཚུགས་པའི་ཁར་ ཕྱགསམ་ཚུ་བཙོང་སྟེ་ འོང་འབབ་བཟོ་ནི་ནང་ཡང་ ལྷན་ཐབས་འབྱུང་ནི་མས་ཟེར་བཤད་ཅི།

ད་རེས་ རྫོང་ཁག་ནགས་ཚལ་ལས་ཚན་གྱིས་ཡང་ རྩྭ་ཀུ་ཤ་བཙུགས་མི་སྡེ་ཚན་འདི་ལུ་ རྒྱབ་སྐྱོར་ཚུ་འབད་ནི་འགོ་བཙུགས་ཏེ་འདུག

ལོ་གཉིས་ཀྱི་ལས་འགུལ་འདི་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་འོག་གི་ གྲོགས་རམ་ཆུང་བའི་ལས་འགུལ་གྱིས་མ་དངུལ་རྒྱབ་སྐྱོར་འབད་དེ་ འགོ་འདྲེན་འཐབ་ཨིན་མས།