གཟའ་སྤེན་པ། ༢༠༡༨ ཟླ་༡༡ པའི་སྤྱི་ཚེས་༡༦

མོང་སྒར་ལུ་ ན་གཞོན་གཅིག་གིས་ སོ་ནམ་གྱི་ལཱ་འབད་དེ་ འོང་འབབ་བཟོ་བའི་བསྒང་།

སྤྱི་ཟླ་༦ པའི་ཚེས་ ༢༠ ༢༠༡༨

༉ རྒྱལ་ཁབ་ནང་ལུ་ སོ་ནམ་དང་འབྲེལ་བའི་སྐྱིན་འགྲུལ་ཚུ་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་མི་ལུ་བརྟེན་ཏེ་ ཤེས་ཡོན་ལྷབ་མི་ ན་གཞོན་ལ་ལུ་ཅིག་གིས་ ཁོང་རའི་གཡུས་ཁར་འགྱོ་ཞིནམ་ལས་ སོ་ནམ་གྱི་ལཱ་འབད་ནི་ནང་ གོ་སྐབས་ཚུ་ལེན་དོ་ཡོདཔ་ཨིན་མས།

འདི་བཟུམ་གྱི་ གོ་སྐབས་ལེན་མི་ཚུ་གི་གྲལ་ལས་ གཅིག་འདི་ མོང་སྒར་ལས་ སྐྱེས་ལོ་༣༠ལང་མི་ ཡེ་ཤེས་དབང་ཕྱུག་ཨིནམ་ད་ ཁོ་གིས་ སྤྱི་ལོ་༢༠༡༥ལུ་ ཚོང་རིག་བདག་སྐྱོང་གི་ནང་ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་མ་ གཡུས་ཁར་འགྱོ་སྟེ་ སོ་ནམ་གྱི་ལཱ་འབད་ནི་འགོ་བཙུགས་ནུག

 ཁོ་གིས་ མོང་སྒར་ལུ་ཡོད་པའི་ སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་ལས་ རྒྱབ་སྐྱོར་ཚུ་ལེན་ཏེ་ གླིང་མི་ཐང་ བྱང་རྡུང་གཡུས་ཚན་ནང་ལུ་སྦེ་ བཟའ་སྤྱོད་མ་འབད་བར་ཡོད་མི་ ས་ཞིང་ཨེ་ཀར་༤ལྷགཔ་ཅིག་གི་ནང་ལུ་ ཤིང་འབྲས་ཀྱི་ལྕངམ་༧༠༠ལྷགཔ་ཅིག་ བཙུགས་ཏེ་ཡོདཔ་མ་ཚད་ ཚོད་བསྲེ་ཚུ་ཡང་ བཙུགས་ཏེ་ཡོདཔ་ཨིན་མས།

ཁོ་གིས་སླབ་མི་ནང་ ན་ཧིང་ལས་འགོ་བཟུང་སྟེ་ ཤིང་འབྲས་དང་ཚོད་བསྲེ་གི་ ཐོན་སྐྱེད་ཚུ་བཙོང་ཞིནམ་ལས་ འོང་འབབ་དངུལ་ཀྲམ་ སྟོང་ཕྲག་༧༢བཟོ་ཚུགས་ཏེ་ཡོད་ཟེར་བཤད་ཅི།

 ཡེ་ཤེས་དབང་ཕྱུག་གིས་ ཁོ་རའི་ཚོང་ལཱ་འདི་ རྒྱ་སྐྱེད་འབད་ནི་གི་དོན་ལུ་ གྲོང་གསེབ་ཚོང་ལས་གོང་འཕེལ་ལས་འཛིན་ནང་ལས་ སྐྱིན་འགྲུལ་ལེན་ནི་སྦེ་ ཡིག་གུ་བཙུགས་ཏེ་ཡོདཔ་མ་ཚད་ ཁོ་གི་ལྡུམ་རའི་མཐའ་མ་ལུ་ཡོད་མི་ ས་ཆ་འདི་ཡང་ གླ་ཁར་ལེན་ནི་སྦེ་ ཡིག་གུ་ཚུ་བཙུགས་ཏེ་འདུག

ཡེ་ཤེས་ཀྱིས་ ད་རེས་ཡོད་པའི་ལྡུམ་ར་འདི་བཟོ་ནི་གི་དོན་ལུ་ མ་རྩ་དངུལ་ཀྲམ་འབུམ་༧བཏང་ནུག