གཟའ་མིག་དམར། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༢༢

བྱེམ་རློནམ་འབག་མི་སྣུམ་འཁོར་ནང་ལས་ ཆུ་འཛག་མི་ལུ་བརྟེན་ཏེ་ གཞུང་ལམ་མེདཔ་བཏང་དོ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༡༤ ༢༠༡༨

༉ སྤུ་ན་ཁ་གི་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་སླབ་མི་ནང་ ཐིམ་ཕུག་དང་དབང་འདུས་ཀྱི་བར་ན་གཞུང་ལམ་རྒྱ་སྐྱེད་འབད་ཚར་ཏེ་ཡོད་མི་འདི་ བྱེམ་རློནམ་འབག་མི་སྣུམ་འཁོར་ནང་ལས་ ཆུ་འཛག་མི་ལུ་བརྟེན་ཏེ་ མེདཔ་བཏང་མས་ཟེར་ཨིན་མས།

གནད་དོན་འདི་ཡང་ ཕྲལ་ཁམས་ཅིག་ཁར་ཚོགས་ཡོད་མི་ སྤུ་ན་ཁ་གི་རྫོང་ཁག་ཚོགས་འདུའི་ནང་ལུ་ གྲོས་བསྡུར་ཚུ་བྱུང་སྟེ་འདུག

ལམ་སེལ་ལས་ཁུངས་ནང་ལས་ རྟ་མགྲིན་རྡོ་རྗེ་གིས་ཞུ་མི་ནང་ བྱེམ་འདི་ སྣུམ་འཁོར་ནང་མ་བཙུགས་པའི་ཧེ་མ་ ཆུ་ཚོད་དག་པ་ཅིག་གི་རིང་ལུ་ སྐམ་བཞག་པ་ཅིན་ གཞུང་ལམ་མེདཔ་ཐལ་ནི་ལས་ བཀག་ཚུགས་ནི་མས་ཟེར་ཨིན་མས།

 འདི་ལུ་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ ལུང་ཕྱོགས་འཛིན་སྐྱོང་པ་ རིན་ཆེན་གྱིས་ཞུ་མི་ནང་ བྱེམ་འདི་ སྐམ་སྐམ་ལུ་ དུས་ཡུན་རིངམོ་སྦེ་རང་ འགོར་ནི་ཨིན་པའི་ཁར་ སྐྱེལ་འདྲེན་གྱི་གླ་ཆ་འདི་ཡང་ ཡར་སེང་འགྱོ་ནི་ཨིནམ་ལས་ མཇུག་ལས་མཇུག་སུ་ མི་སེར་ཚུ་ལུ་རང་ ཐོ་ཕོག་འོང་ཟེར་ཨིན་མས།

ད་རུང་ ཁོ་གིས་ཞུ་མི་ནང་ འཁོར་ལམ་འདི་ གནམ་བྱཱར་དགུན་མེད་པར་ གཏན་ཏོག་ཏོ་ཅིག་སྦེ་ འོང་དགོ་པའི་ཁར་ ཟླཝ་༩དེ་ཅིག་གི་རིང་ལུ་ ཆརཔ་མ་ཆད་པར་རང་ རྐྱབ་དོ་ཡོདཔ་ལས་ བྱེམ་ལས་འཛག་མི་ཆུ་གིས་ གཞུང་ལམ་མེདཔ་བཏང་མས་ཟེར་མི་འདི་ ཧ་གོ་མ་ཚུགས་ཟེར་ཨིན་མས།

རྫོང་ཁག་ཚོགས་འདུ་གིས་ གནད་དོན་འདི་ ལས་སྡེ་གཉིས་ཀྱི་བར་ན་ སེལ་དགོཔ་སྦེ་ གྲོས་ཐག་བཅད་དེ་ཡོད་མི་དང་འབྲེལ་ ལམ་སེལ་ལས་ཁུངས་དང་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གཉིས་ཀྱི་བར་ན་ མགྱོགས་པ་རང་ ཞལ་འཛོམས་ཅིག་འགོ་འདྲེན་འཐབ་ནི་གི་ འཆར་གཞི་འདུག

ཐིམ་ཕུག་དང་དབང་འདུས་ཀྱི་གཞུང་ལམ་བར་ན་ ཉིན་བསྟར་བཞིན་ བྱེམ་འབག་མི་སྣུམ་འཁོར་ཊག་༧༠ལྷགཔ་ཅིག་ རྒྱུན་འགྲུལ་འཐབ་དོ་ཡོདཔ་ཨིན།

བྱེམ་འདི་ཡང་ སྤུ་ན་གཙང་ཆུ་གི་མཐའ་མ་ལས་བཏོན་དོ་ཡོདཔ་ཨིན་རུང་ ད་རེས་ དུས་ཚོད་འ་ནེམ་ཅིག་ཁར་ གཙང་ཆུ་བྲེས་ཏེ་ཡོད་མི་དང་འབྲེལ་ བྱེམ་འདི་ཡང་ གཙང་ཆུ་ནང་ལས་རང་ དབོག་དོ་ཡོདཔ་ཨིན་མས།