གཟའ་ལྷག་པ། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༢༣

བུམ་ཐང་ལུ་ ཕོ་སྐྱེས་ཅིག་གིས་ སྤང་ཚལ་ལུ་ལས་བརྟེན་ཏེ་ འོང་འབབ་ལེགས་ཤོམ་བཟོ་ཚུགས་དོ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༡༢ ༢༠༡༨

 

༉ བུམ་ཐང་རྫོང་ཁག་ སྟང་རྒེད་འོག་གི་ སྦསཔ་ཟུར་གཡུས་ཚན་ནང་ལུ་ ཕོ་སྐྱེས་ཅིག་གིས་ སྤང་ཚལ་ལུ་ལས་བརྟེན་ཏེ་ འོང་འབབ་ལེགས་ཤོམ་སྦེ་རང་ བཟོ་ཚུགས་ཏེ་འདུག

སྐྱེལ་ལོ་༤༨ལང་མི་ ནར་བྷ་དུར་མོང་གར་གྱིས་ སྤྱི་ལོ་༢༠༠༨ལུ་ སྤང་ཚལ་ལུ་གི་ལྕངམ་གཅིག་བཙུགས་ཡོདཔ་ད་ ད་རེས་ ཁོ་གིས་ སྤང་ཚལ་ལུ་འདི་ ས་ཆ་ཨེ་ཀར་ཕྱེད་ཀ་ལྷགཔ་ཅིག་གི་ནང་ལུ་ བཙུགས་ཏེ་ཡོདཔ་ཨིན་མས།

ད་རེས་ ཁོ་གིས་ སྤང་ཚལ་ལུ་ཚུ་ ཐེངས་༤པ་བཏོག་མི་དང་འབྲེལ་ ཚལ་ལུ་ལ་ལུ་ཅིག་ བཏོགཔ་ཅིག་རང་སྒམ་ཚུ་རྐྱབ་སྟེ་ སྒམ་རེ་ལུ་ གོང་ཚད་དངུལ་ཀྲམ་༥༠རེ་སྦེ་ བཙོང་དོ་ཡོདཔ་ཨིན་མས།

ནར་བྷ་དུར་གྱིས་ ཧེ་མ་ སྤང་ཚལ་ལུ་གི་ལཱ་འབད་ནི་ འགོ་བཙུགས་པའི་སྐབས་ ཉམས་མྱོང་ཚུ་ག་ནི་ཡང་མ་སྡོདཔ་ཨིན་རུང་ ད་རེས་ སྤང་ཚལ་ལུ་གི་ལཱ་འབད་དེ་ ལོ་༡༠དེ་ཅིག་འགྱོ་དོ་ཡོདཔ་ལས་ སྦྱང་བ་ཚུ་ཚུད་དེ་འདུག

ཁོ་གིས་ སྤང་ཚལ་ལུ་གི་ཚོང་འབྲེལ་ལས་བརྟེན་ ལོ་བསྟར་བཞིན་དུ་རང་ འོང་འབབ་དངུལ་ཀྲམ་འབུམ་༣དེ་ཅིག་ བཟོ་ཚུགས་དོ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ནར་བྷ་དུར་མོང་གར་གྱིས་ སྤང་ཚལ་ལུའི་ལཱ་གི་མ་དོ་བར་ ཇེམ་ཚུ་ཡང་ བཟོ་དོ་ཡོད་མི་དང་འབྲེལ་ ཇེམ་ཤེལ་དམ་རེ་ལུ་ གོང་ཚད་དངུལ་ཀྲམ་༢༥༠རེ་སྦེ་ བཙོང་དོ་ཡོདཔ་ཨིན་མས།

ནར་བྷ་དུར་གྱིས་སླབ་མི་ནང་ སོ་ནམ་གྱི་ལཱ་འདི་ གནས་སྐབས་གསརཔ་གྱི་ཐོག་ལས་ འབད་བ་ཅིན་ རྒྱལ་ཁབ་ནང་ལུ་ ན་གཞོན་ལཱ་གཡོག་མ་ཐོབ་པའི་དཀའ་ངལ་སེལ་ནི་ནང་ལུ་ཡང་ ལྷན་ཐབས་འབྱུང་ནི་མས་ཟེར་བཤད་ཅི།

ད་རེས་ ཁོ་གི་ཚོང་འབྲེལ་འདི་ རྒྱལ་ཁབ་ནང་ལུ་རྐྱངམ་ཅིག་ འཐབ་དོ་ཡོདཔ་ཨིན་རུང་ མ་འོངས་པའི་ནང་ལུ་ སྤང་ཚལ་ལུ་གི་ལཱ་འདི་ རྒྱ་སྦོམ་སྦེ་རང་འབད་བཞིན་ན་ ཕྱིར་ཚོང་འཐབ་ནི་གི་ འཆར་གཞི་ཡང་ཡོདཔ་ཨིན་མས།