གཟའ་ཕུར་བུ། ༢༠༡༨ ཟླ་༦ པའི་སྤྱི་ཚེས་༢༠

ལྷུན་རྩེ་ལས་ ཨམ་སྲུ་ཅིག་གིས་ བླམ་བན་ད་གི་ཚོང་འབྲེལ།

སྤྱི་ཟླ་༦ པའི་ཚེས་ ༡ ༢༠༡༨

༉ ལྷུན་རྩེ་ལུ་ སྐྱེས་ལོ་༣༢་ལང་མི་ གཡང་འཛོམས་ཀྱིས་ ཚོང་འབྲེལ་གྱི་དོན་ལུ་ བླམ་བན་ད་གི་ལཱ་ རྒྱ་སྦོམ་སྦེ་རང་ འབད་ནི་འགོ་བཙུགས་ཏེ་ཡོད་མི་འདི་ ལེགས་ཤོམ་སྦེ་རང་ འགྱོ་དོ་ཡོདཔ་ཨིན་མས།

རྫོང་ཁག་འདི་ནང་ལུ་ བླམ་བན་ད་གྱི་ལཱ་དེ་སྦེ་འབད་མི་འདི་ འགོ་དང་པ་རང་ ཨམ་སྲུ་འདི་ཨིནམ་ད་ མོ་གིས་ ལཱ་འདི་ཡང་ ན་ཧིང་ལས་ འགོ་བཙུགས་ནུག

གཡང་འཛོམས་ཀྱིས་སླབ་མི་ནང་ ལོ་དག་པ་ཅིག་གི་ ཧེ་མ་ མོ་ར་ ཨའུ་མཚོ་ཁྲོམ་ཁ་ལུ་ བཟའ་ཆས་ཚོང་ཁང་ ཅིག་ བཙུགས་ཏེ་སྡོད་ཡོདཔ་ཨིན་རུང་ ཚོང་ལཱ་འདི་ ཁེབ་ས་དེ་ཅིག་རང་མེད་ནི་འདི་གིས་ བླམ་བན་ད་གི་ལཱ་ འགོ་བཙུགས་ཏེ་ཡོདཔ་སྦེ་བཤད་ཅི།

ད་རུང་ མོ་གིས་སླབ་མི་ནང་ ན་ཧིང་ བླམ་བན་ད་ཀེ་ཇི་༣༠༠་དེ་ཅིག་ བསྡུ་བའི་སྐབས་ལུ་ ཁེབ་ས་དེ་ཅིག་རང་ བཟོ་མ་ཚུགས་ཡོད་རུང་ དུས་ཅི་ བླམ་བན་ད་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༥༠་དེ་རེ་ ཐོབ་དོ་ཡོདཔ་ལས་ ཚོང་འབྲེལ་འདི་ ལེགས་ཤོམ་སྦེ་རང་ འགྱོ་དོ་ཡོདཔ་སྦེ་བཤད་ཅི།

མོ་གིས་ ད་ལྟོ་ཚུན་ཚོད་ ལམ་བན་ད་ཀེ་ཇི་༥༠༠་དེ་ཅིག་ བཙོང་ཚར་ཏེ་ཡོདཔ་མ་ཚད་ ད་རུང་རང་ ལེ་ཤ་ཅིག་རང་ བསྡུ་ཚུགས་པའི་རེབ་བ་འདུག

གཡང་འཛོམས་ཀྱིས་ བླམ་བན་ད་གི་ལཱ་འདི་ མོ་ར་རྐྱངམ་ཅིག་གིས་ འགོ་བཙུགས་ཡོདཔ་ཨིན་རུང་ མོ་རའི་རྨགཔ་གིས་ དུས་ཚོད་འཐོབ་ད་ར་ ཆ་རོགས་འབད་ནུག

དུས་ཅི་ མོ་གིས་ བླམ་བན་ད་འདི་ བསོད་ནམས་སྟོབས་རྒྱས་དང་གཅིག་ཁར་སྡོམ་སྟེ་ འབད་ཡོདཔ་ལས་ ཁོང་གཉིས་ཀྱིས་སླབ་མི་ནང་ བླམ་བན་ད་གི་གོང་ཚད་འདི་ བུམ་ཐང་ལུ་ ལེགས་ཤོམ་ཐོབ་ཚུགས་པས་ ཟེར་བཤད་ཅི།

གཡང་འཛོམས་ལུ་ ད་རེས་ གདོང་ལེན་སྦོམ་ཤོས་འདི་རང་ ཞིང་ཆུ་ལངམ་སྦེ་མེད་མི་འདི་ཨིན་རུང་ མོ་གིས་ བླམ་བན་ད་གི་ཚོང་འབྲེལ་འདི་ རྒྱ་བསྐྱེད་བཏང་ནི་གི་འཆར་གཞི་ཡོདཔ་སྦེ་ཨིན་མས།

ཨའུ་མཚོ་ལུ་ གཞན་མི་མི་སེར་སོ་ནམ་པ་ཚུ་གིས་ཡང་ གཡང་འཛོམས་ལུ་ དཔེ་བལྟ་ཞིན་ན་ བླམ་བན་ད་བཙུགས་ནི་གི་ ལཱ་འབད་ནི་འགོ་བཙུགས་ཏེ་འདུག