ཨོ་ལུ་རྨས་སྐྱེས་ཚུ་གི་དོན་ལས་ གོ་ལ་ཚུ་ གཟུགས་ཀྱི་སྦོམ་ཆུང་དང་བསྟུན་ཏེ་ ཐོབ་ཚུགས་ནི་ཨིནམ། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་སྤེན་པ། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༧

ཨོ་ལུ་རྨས་སྐྱེས་ཚུ་གི་དོན་ལས་ གོ་ལ་ཚུ་ གཟུགས་ཀྱི་སྦོམ་ཆུང་དང་བསྟུན་ཏེ་ ཐོབ་ཚུགས་ནི་ཨིནམ།

སྤྱི་ཟླ་༥ པའི་ཚེས་ ༢༥ ༢༠༡༨

༉ རྒྱལ་ཁབ་ནང་ལུ་ ཨོ་ལུ་རྨས་སྐྱེས་ཚུ་གི་དོན་ལས་ གོ་ལ་ཚུ་ གཟུགས་ཀྱི་སྦོམ་ཆུང་དང་བསྟུན་ཏེ་ བཟོ་བཀོད་འབད་མི་གི་ ལས་སྡེ་ཅིག་མེད་མི་ལུ་བརྟེན་ ཨམ་སྲུ་གཞོནམ་ཅིག་གིས་ ད་རེས་ རྒྱལ་ཁབ་ནང་ འགོ་དང་པ་ གོ་ལའི་ཚོང་འབྲེལ་ཅིག་ འགོ་བཙུགས་ཏེ་འདུག

མེ་ལོང་སླབ་མི་ ཚོང་ཁང་འདི་གིས་ ཨ་ལུ་རྨས་སྐྱེས་ཚུ་གི་དོན་ལུ་ གོ་ལ་ཚུ་བཙོང་དོ་ཡོད་པའི་ཁར་ གོ་ལའི་བཟོ་བཀོད་དང་ བཙེམ་ནི་གི་ལཱ་ཚུ་ཡང་ འབད་དོ་ཡོདཔ་ཨིན་མས།

སྐྱེས་ལོ་༢༣ལང་མི་ ལྷ་མོ་གིས་ གོ་ལ་གི་ཚོང་འབྲེལ་ཚུ་ ན་ཧིང་ སྤྱི་ཟླ་༡༢པའི་ནང་ལས་རྐྱངམ་གཅིག་ འགོ་བཙུགས་ཡོདཔ་ཨིན་རུང་ ད་རེས་ མཁོ་མངག་སྦེ་མི་ ལེ་ཤ་ཅིག་རང་འཐོན་དོ་ཡོད་མི་དང་འབྲེལ་ མོ་གིས་ ཟླཝ་རེ་ནང་ལུ་ འོང་འབབ་དངུལ་ཀྲམ་སྟོང་ཕྲག་༢༠དེ་ཅིག་བཟོ་ཚུགས་དོ་ཡོདཔ་ཨིན་མས།

མོ་གིས་སླབ་མི་ནང་ ཨོ་ལུ་རྨས་སྐྱེས་ཚུ་གི་དོན་ལས་ གོ་ལའི་ཚོང་ཁང་བཙུགས་དགོ་མི་འདི་ཡང་ མོ་རའི་ཨ་ལོ་ལུ་བཏུབ་པའི་ གོ་ལ་ཚུ་འཚོལ་འཐོབ་པར་ ལཱ་ཁག་བཏང་པའི་ཤུལ་མ་ གཞན་མི་ཚུ་ལུ་ཡང་ འདི་བཟུམ་གྱི་དཀའ་ངལ་ཚུ་ འཐོན་དོ་ཡོད་མི་ལུ་གཞི་བཞག་སྟེ་ཨིན་ཟེར་བཤད་ཅི།

ད་རེས་ མོ་གི་ཚོང་ཁང་ནང་ལུ་ཡོད་པའི་གོ་ལཱ་ཚུ་ གཞན་མི་ཚོང་ཁང་ཚུ་ནང་ལས་ཕར་ཡོད་པའི་ གོ་ལ་ཚུ་དང་ དབྱེ་བ་ག་ནི་ཡང་མེདཔ་སྦེ་ མཐོང་དོ་ཡོདཔ་ཨིན་རུང་ གོ་ལ་མང་ཤོས་ཅིག་རང་ རྒྱལ་ཁབ་ནང་འཁོད་ལས་རང་ བཟོ་མི་འདི་ཨིན་མས།

ད་རེས་ མོ་གིས་ མོ་རའི་ཐོན་སྐྱེད་ཚུ་ ཡོངས་འབྲེལ་གྱི་ཐོག་ལས་ ཚོང་འབྲེལ་འཐབ་དོ་ཡོདཔ་ད་ ག་དེ་ཅིག་སྦེ་ མོ་གི་ཚོང་ལཱ་འདི་ ལེགས་ཤོམ་སྦེ་འགྱོ་བཏུབ་པ་ཅིན་ མོ་གིས་ དཔེ་གསར་གྱི་བཟོ་རྣམ་དང་སྔར་སྲོལ་གི་གོ་ལ་ཚུ་བཟོ་ཞིནམ་ལས་ འགྲེམ་སྟོན་ཁང་ཅིག་ཡང་ སྒོ་ཕྱེ་ནི་གི་འཆར་གཞི་འདུག