གཟའ་མིག་དམར། ༢༠༡༩ ཟླ་༧ པའི་སྤྱི་ཚེས་༢༢

སོ་ནམ་པ་ཅིག་གིས་ ནང་འཁོད་ཀྱི་ འབུཔ་སྨན་ཚུ་བཟོ་དོ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༡༤ ༢༠༡༨

༉ མི་སེར་སོ་ནམ་པ་ཚུ་གི་ ལོ་ཐོག་ཚུ་ལུ་ འབུཔ་གིས་གནོད་པ་བཀལ་ནི་ལས་ བཀག་ཆ་འབད་ནི་དོན་ལུ་ ཐབས་ཤེས་བཏོན་དགོཔ་འདི་ ལཱ་འགན་སྦོམ་ཤོས་ཅིག་ཨིན་མས།

འདི་ཡང་ འབུཔ་གིས་ ལོ་ཐོག་ལུ་གནོདཔ་བཀལ་མི་འདི་གིས་ ཐོན་ཤུགས་ལུ་ གནོད་དོ་ཡོད་པའི་ཁར་ མི་སེར་སོ་ནམ་པ་ཚུ་གིས་ འོང་འབབ་ལུ་ཡང་ ཐོག་སྦོམ་སྦེ་རང་ ཕོག་དོ་ཡོདཔ་ཨིན་མས།

ཨིན་རུང་ བསམ་གྲུབ་ལྗོངས་མཁར་ལུ་ བདེ་བ་ཐང་གཡུས་ཚན་ནང་ལས་ ཀརྨ་བསྟན་འཛིན་གྱིས་ ནགས་ཚལ་ནང་ལས་ སྔོ་ཤིང་མ་འདྲཝ་༢༠དེ་ཅིག་ བསྡུ་ལེན་འབད་དེ་ འབུཔ་སྨན་ཚུ་ བཟོ་དོ་ཡོདཔ་ཨིན་མས།

འདི་ཚུ་གི་གྲལ་ལས་ ཁོ་གིས་ ཁེན་པ་ཤིང་དང་ ཟྭོ་ཆ་ཚུ་གི་བཟོ་མི་ འབུཔ་སྨན་འདི་གིས་ འབུཔ་གི་ལོ་ཐོག་ལུ་གནོདཔ་བཀལ་ནི་ལས་ བཀག་ཐབས་འབད་ནི་ལུ་ ལྷན་ཐབས་བྱུང་ཏེ་འདུག

 ཁོ་གིས་ འབུཔ་སྨན་བཟོ་ནི་གི་དོན་ལུ་ སྔོ་ཤིང་གཏུབ་ཞིནམ་ལས་ ནོར་གྱི་ཆུ་དང་ ཆུ་དུམ་གྲ་ཅིག་བླུགས་ཏེ་ སླ་སྲས་རྐྱབ་ཞིནམ་ལས་ ཧོད་ཅིག་ནང་བླུགས་ཏེ་ ཁབ་ཏོག་སྒྲིང་སྒྲིང་སྦེ་བཅད་དེ་ ཟླཝ་༡་དེ་ཅིག་གི་རིང་ བཞག་དོ་ཡོདཔ་ཨིན་མས།

ཁོ་གིས་སླབ་མི་ནང་ འབུཔ་སྨན་འདི་ལས་བརྟེན་ཏེ་ དྲིམ་ཤུགས་སྦེ་མནམ་ནི་འདི་གིས་ འབུཔ་ཚུ་གིས་མ་དོ་བར་ ཀ་ཤ་ཚུ་ཡང་ ཚོད་བསྲེ་ལྡུམ་ར་ནང་ལུ་ མི་འོང་དོ་ཡོདཔ་མ་ཚད་ ནོར་གི་ཆུ་འདི་གིས་ ལུད་ལུ་འགྱུར་ཏེ་ ཚོད་བསྲེ་ལེགས་ཤོམ་སྦེ་ སྐྱེས་ཚུགས་པའི་ ཕན་ཐོག་ཡོད་ཟེར་བཤད་ཅི།

 སྦོང་ཏ་རི་ཚོད་བསྲེ་སྡེ་ཚན་ནང་ལུ་ འདི་བཟུམ་གྱི་ འབུཔ་སྨན་བཟོ་ཤེས་མི་འདི་ ཀརྨ་རྐྱངམ་གཅིག་ཨིནམ་ད་ སྡེ་ཚན་འདི་ནང་གི་ འཐུས་མི་ཚུ་གིས་སླབ་མི་ནང་ འབུམ་སྨན་འདི་ལས་བརྟེན་ཏེ་ ད་རེས་ སྡེ་ཚན་འདི་གི་ ཚོད་བསྲེ་ཚུ་ འབུཔ་ཀྱིས་གནོད་པ་མ་རྐྱབ་པར་ ལེགས་ཤོམ་སྦེ་ སྐྱེས་ཚུགས་ཏེ་ཡོད་ཟེར་ཨིན་མས།

 འདི་འབདཝ་ལས་ སྦོང་ཏ་རི་ཚོད་བསྲེ་སྡེ་ཚན་གྱིས་ ཚོད་བསྲེ་གི་ཐོན་ཤུགས་ མང་སུ་ཅིག་བཏོན་ཚུགས་པའི་ རེ་བ་སྐྱེདཔ་ཨིན་མས།

ཀརྨ་གིས་ འབུཔ་སྨན་བཟོ་ནི་གི་ གནས་སྐབས་འདི་ཡང་ ན་ཧིང་ སྦལ་བུ་ལུ་ མི་སེར་སོ་ནམ་པའི་ བལྟ་བསྐོར་ལས་རིམ་ནང་འགྱོ་བའི་སྐབས་ ཐོབ་ཡོདཔ་ཨིན་མས།