གཟའ་མིག་དམར། ༢༠༡༩ ཟླ་༧ པའི་སྤྱི་ཚེས་༢༢

རྒྱ་ཐུགཔ་ལུ་དགའ་མི་ཚུ་གིས་ རྒྱ་ཐུག་མ་འདྲཝ་ཚུ་ གདམ་ཁ་རྐྱབ་ཚུགས་ནི་ཨིནམ།

སྤྱི་ཟླ་༥ པའི་ཚེས་ ༩ ༢༠༡༨

 

༉ རྒྱ་ཐུགཔ་གི་རིགས་ལུ་ དགའ་མི་ཚུ་གིས་ ད་ལས་ཕར་ འབྲུག་ནང་འཁོད་ལུ་བཟོ་ཡོད་པའི་ རྒྱ་ཐུག་མ་འདྲཝ་ཚུ་ གདམ་ཁ་རྐྱབ་ཚུགས་ནི་ཨིན་མས།

འདི་ཡང་ ད་རེས་འགོ་དང་པ་ རྒྱལ་ཁབ་ནང་ལུ་བཟོ་ཡོད་པའི་ ཀེ་པི་ནུ་ཌལ་ཟེར་མི་ རྒྱ་ཐུག་འདི་ དུས་ཅི་ ལོ་འགོ་བཙུགས་ཁམས་ཅིག་ལས་ ཚོང་འབྲེལ་འཐབ་ནི་ འགོ་བཙུགས་ཏེ་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

བསམ་རྩེ་རྫོང་ཁག་ ནོར་བུ་སྒང་རྒེད་འོག་ནང་ལུ་ རྒྱ་ཐུག་ལས་སྡེ་འདི་གིས་ རྒྱ་ཐུགཔ་བཙོང་ནི་འགོ་བཙུགས་ཏེ་ ཟླཝ་༣འགྱོ་བའི་ཤུལ་མ་ ད་ལྟོ་ཚུན་ཚོད་ ཚོང་འབྲེལ་ལེགས་ཤོམ་སྦེ་རང་ འཐབ་ཚུགས་ཏེ་འདུག

ལས་སྡེ་འདི་གིས་ ཉིནམ་ཨ་རྟག་རང་ རྒྱ་ཐུག་གི་ཐོན་སྐྱེད་བརྒྱ་ཆ་༥༠ལྷགཔ་ཅིག་ རྫོང་ཁག་༧གྱི་ནང་ལུ་ བཙོང་དོ་ཡོདཔ་ད་ ལས་སྡེ་འདི་གིས་ རྒྱ་ཐུག་གི་རིགས་མ་འདྲཝ་༣བཟོ་དོ་ཡོདཔ་ཨིན་མས།

ཀེ་པི་བཟའ་འཐུང་འདི་ཡང་ གྲོང་གསེབ་ཚོང་ལས་གོང་འཕེལ་ལས་འཛིན་གྱིས་ སྤྱི་ལོ་༢༠༡༧ལུ་ མ་དངུལ་རྒྱབ་སྐྱོར་འབད་དེ་ གཞི་བཙུགས་འབད་མི་ ལས་འགུལ་སྦོམ་ཤོས་ཅིག་ཨིནམ་ད་ ལས་འགུལ་འདི་ཡང་ ཕོ་རྒནམ་དང་ནུ་གཅུང་ཅིག་ཨིན་མི་ ཁོང་སྤུན་ཆ་༢ཀྱིས་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་མས།

ལས་སྡེ་འདི་ཡང་ ཟད་འགྲོ་དངུལ་ཀྲམ་ས་ཡ་ཕྱེད་ད་༧བཏང་སྟེ་ རྐྱབ་ཡོདཔ་ད་ ད་རེས་ ཚོང་ལཱ་འདི་ མཐར་འཁྱོལ་ཅན་ཅིག་སྦེ་ འགྱོ་དོ་ཡོད་མི་དང་འབྲེལ་ ཚོང་ལཱ་འགོ་བཙུགས་མི་ ཁོང་སྤུན་ཆ་༢སེམས་དགའ་སྟེ་འདུག

འདི་དང་གཅིག་ཁར་ ཐོན་སྐྱེད་ལས་ཚན་འདི་གིས་ ཉིནམ་༡ནང་ ཐོན་སྐྱེད་སྒམ་སྟོང་ཕྲག་༡༨བཏོན་ཚུགས་པའི་ ནུས་ཤུགས་ཡོདཔ་ལས་ མཁོ་མངག་འབད་མི་ མང་སུ་ཅིག་ལེན་ནི་ནང་ གྲ་སྒྲིག་ཡོདཔ་ཨིན་མས།

ལས་སྡེ་འདི་ནང་ལུ་ ད་རེས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༢རྩིས་ཏེ་ ལས་བྱེདཔ་༡༢ཡོདཔ་ཨིན་མས།