གཟའ་སྤེན་པ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༢

གཞལ་སྒང་རྫོང་ཁག་ བེར་ཏི་གཡུས་ཚན་འདི་ སྒོགཔ་མང་སུ་ཅིག་འཐོན་སའི་ ས་སྒོ་ཅིག་ལུ་འགྱུར་ནི་ཨིནམ།

སྤྱི་ཟླ་༣ པའི་ཚེས་ ༢༨ ༢༠༡༨

 

༉ གཞལ་སྒང་རྫོང་ཁག་ ཀྲོང་རྒེད་འོག་གི་ བེར་ཏི་གཡུས་ཚན་འདི་ ཡོངས་གྲགས་ལུ་ ཨ་པའི་མགུ་ཏོག་ཟེར་སླབ་མི་ ཁ་རི་མུ་ཟ་འཐོན་སའི་ ས་སྒོ་ཅིག་ཨིན་པའི་ཁར་ གཡུས་ཚན་འདི་ མགྱོགས་པ་རང་ སྒོགཔ་མང་སུ་ཅིག་འཐོན་སའི་ ས་སྒོ་ཅིག་ལུ་འགྱུར་ནི་ཨིན་མས།

འདི་ཡང་ གཡུས་འདི་ནང་གི་མི་སེར་ཚུ་གིས་ ད་རེས་འགོ་དང་པ་ སྒོགཔ་མང་སུ་ཅིག་སྦེ་ བཙུགས་ནི་གི་ལཱ་ཚུ་ འབད་དོ་ཡོད་མི་དང་འབྲེལ་ ཐོན་ཤུགས་ལེགས་ཤོམ་སྦེ་ བསྡུ་ཚུགས་པའི་རེ་བ་བསྐྱེད་དེ་འདུག

བེར་ཏི་གཡུས་ཁའི་མི་སེར་ཚུ་གིས་ སྒོགཔ་བཙུགས་ནི་གི་ལཱ་འབད་དེ་ ད་རེས་འབདཝ་ད་ ཟླཝ་༤དེ་ཅིག་སོང་སྟེ་འདུག

མི་སེར་ཚུ་གིས་ སྒོགཔ་གི་ལཱ་འབད་ནི་ འགོ་བཙུགས་པའི་སྐབས་ ག་དེ་སྦེ་འགྱོ་འོང་ག་ཟེར་ ཐེ་ཚོམ་ཟ་ཡོདཔ་ཨིན་རུང་ ད་རེས་ དོགས་པ་འདི་ སེལ་ཚུགས་ཏེ་ཡོད་མི་དང་འབྲེལ་ སྒོགཔ་འདི་ཡང་ འོང་འབབ་བཟོ་སའི་ དངུལ་ཐོག་སོ་སོ་ཅིག་སྦེ་ བརྩི་མཐོང་བསྐྱེད་ཚུགས་ཏེ་འདུག

 འདི་ལུ་ གཞལ་སྒང་རྫོང་ཁག་གི་ སོ་ནམ་འགོ་དཔོན་ཕུན་ཚོགས་ཀྱིས་སླབ་མི་ནང་ མི་སེར་ཚུ་གིས་ འདི་བཟུམ་གྱི་ སྒོགཔ་བཙུགས་ནི་གི་ ལཱ་འབད་མི་འདི་གིས་ མི་སེར་ཁོང་རང་ལུ་ འོང་འབབ་བཟོ་ནི་ནང་ ཕན་ཐོགས་འབྱུང་ནི་ཨིན་པའི་ཁར་ རྒྱལ་ཡོངས་ཀྱི་དམིགས་གཏད་ རང་མགོ་རང་འདྲོང་སྒྲུབ་ནི་ལུ་ཡང་ ལྷན་ཐབས་འབད་འོང་ཟེར་བཤད་ཅི།

སྒོགཔ་འདི་ཡང་ ལྕང་ལཱ་རྐྱབ་ནི་གི་ དུས་ཚོད་མ་རནམ་ལས་རང་ བསྡུ་ཚུགས་པའི་རེ་བ་འདུག