གཟའ་སྤེན་པ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༠

ཐིམ་ཕུག་ལུ་ འཛམ་གླིང་རི་དྭགས་ཀྱི་ཉིནམ་ བརྩི་སྲུང་།

སྤྱི་ཟླ་༣ པའི་ཚེས་ ༥ ༢༠༡༨

༉ ཐིམ་ཕུག་རྡོ་གདན་ན་ལུ་སྦེ་ ཁ་ཉིནམ་ འཛམ་གླིང་རི་དྭགས་ཀྱི་ཉིནམ་དང་འབྲེལ་ གཅན་གཟན་སྟག་ སྲུང་སྐྱོབ་འབད་དགོཔ་ཁག་བའི་སྐོར་ལས་ གཙོ་བོར་བསྟེན་ཏེ་ བརྩི་སྲུང་འབད་ཡི།

གཅན་གཟན་སྟག་འདི་ཚུ་ལུ་ ཤ་བདའ་མི་དང་ འཁྱམ་ས་མེདཔ་འགྱོ་མི་ དེ་ལས་ མི་དང་རི་དྭགས་སེམས་ཅན་གྱི་ བར་ནའི་འབྲེལ་འཛིང་ཚུ་ལས་བརྟེན་ཏེ་ གདོང་ལེན་ཚུ་ བྱུང་དོ་ཡོདཔ་ཨིན་མས།

ཉིནམ་འདི་དང་འབྲེལ་ཏེ་ རི་དྭགས་སེམས་ཅན་གྱི་ ཉེན་ཁ་དང་འཛིན་སྐྱོང་གི་སྐོར་ལས་ སློབ་གྲྭ་ཁག་༥་གི་ནང་ལས་ སློབ་ཕྲུག་༥༠་དེ་ཅིག་ལུ་ གོ་བརྡ་སྤེལ་ཡི།

སློབ་ཕྲུག་ཚུ་ སྟག་འགྱོ་སའི་ལམ་བདའ་སྟེ་ འཁྱིད་ཡོདཔ་མ་ཚད་ ཉིནམ་བརྩི་སྲུང་འབད་སའི་ས་སྒོ་ནང་ ལྷོད་ཞིནམ་ལས་ ཁ་གསལ་སྦེ་ བཤད་འབྱིན་ནུག

ཉིནམ་འདི་ནང་ལུ་ གྲལ་གཏོགས་འབད་ སློབ་ཕྲུག་ཚུ་གིས་སླབ་མི་ནང་ ལས་རིམ་འདི་ལས་བརྟེན་ཏེ་ ཁོང་ཆ་ཁྱབ་ཀྱིས་ རི་དྭགས་སེམས་ཅན་དང་ རྒྱལ་ཁབ་ནང་ལུ་ གཅན་གཟན་སྟག་མ་འདྲཝ་༤་ ག་དེ་འབད་ཡོདཔ་ཨིན་ནའི་སྐོར་ལས་ལྷབ་ཡོདཔ་ལས་ གཅན་གཟན་སྟག་གི་སྐོར་ལས་ གོ་བརྡ་སྤེལ་ནི་ནང་ ཆ་རོགས་ག་དེ་སྦེ་འབདན་ན་དང་ རང་བཞིན་ཉམས་སྲུང་ཚུ་ ག་དེ་སྦེ་ འབད་ནི་ཨིན་ན་ ཧ་གོ་ཡི་ཟེར་ཨིན་མས།

ད་རུང་ ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ གཅན་གཟན་སྟག་འདི་ སྲུང་སྐྱོབ་མ་འབད་བ་ཅིན་ གཞན་མི་སེམས་ཅན་གྱི་ གྱངས་ཁ་ཚུ་ཡར་སེར་འགྱོ་ཞིནམ་ལས་ འདི་གིས་ རང་བཞིན་གནས་སྟངས་ལུ་ གནོད་པ་ཡོད་པའི་སྐོར་ལས་ ཧ་གོ་ཡི་ཟེར་བཤད་ཅི།

རྒྱལ་སྤྱི་མཐའ་འཁོར་གནས་སྟངས་ཉམས་སྲུང་ཚོགས་སྡེ་གིས་ བསྡུ་བཞག་སྟེ་ཡོད་མི་གནས་སྡུད་དང་འཁྲིལ་བ་ཅིན་ གཅན་གཟན་སྟག་གི་འཁྱམ་ས་བརྒྱ་ཆ་༩༦་འདི་ དུས་རབས་ཅིག་གི་ནང་ལུ་ མེདཔ་བཏང་སྟེ་ཡོདཔ་སྦེ་ཨིན་མས།

འབྲུག་ལུ་ ད་རེས་ ནགས་ཚལ་གྱི་ཁྱབ་ཚད་བརྒྱ་ཆ་༧༠་ཡོདཔ་ལས་ སེམས་ཅན་སྟག་གི་འཁྱམ་ས་ཉེན་སྲུང་དང་ལྡནམ་སྦེ་བཞག་ནི་གི་ཐད་ཁར་ འགན་ཁུར་སྦོམ་སྦེ་རང་ ཕོགཔ་ཨིན་མས།