གཟའ་སྤེན་པ། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༡༩

ལྕགས་ཀྱི་ར་བ་ལས་བརྟེན་ མི་སེར་སོ་ནམ་པ་ཚུ་ལུ་ཕན་ཐོགས།

སྤྱི་ཟླ་༡༢ པའི་ཚེས་ ༡༤ ༢༠༡༧

༉ གཞལ་སྒང་ འཕངས་མཁར་རྒེད་འོག་གི་ སྤན་ལྟང་གཡུས་ཚན་གྱི་མི་ཚུ་གིས་ དུས་ཅི་ ཚོད་བསྲེ་ཚུ་ ལེགས་ཤོམ་སྦེ་རང་ བསྡུ་ཚུགས་པའི་རེ་བ་འདུག

འདི་ཡང་ གཡུས་ཚན་འདི་ནང་གི་ཚོད་བསྲེ་ལྡུམ་ར་འདི་ ལྕགས་ཀྱི་ར་བ་གིས་ འགོར་ཏེ་ཡོད་ནི་འདི་གིས་ཨིན་མས།

ར་བ་འགོར་ཏེ་ཡོད་པའི་ས་སྒོ་ནང་ལུ་ ཚོད་བསྲེ་ཚུ་ ལེགས་ཤོམ་སྦེ་རང་སྐྱེས་ཏེ་ཡོདཔ་མ་ཚད་ ལ་ཕུག་དང་ཧོན་ཚོད་ དེ་ལས་ བླམ་བན་ད་ཚུ་ ཧ་ལམ་ བཏོག་རན་ཏེ་འདུག

མི་སེར་ཚུ་གིས་སླབ་མི་ནང་ ཧེ་མ་ ལྕགས་ཀྱི་ར་བ་ཚུ་ མ་འགོར་བར་སྡོད་པའི་སྐབས་ལུ་ ཁོང་རའི་ཚོད་བསྲེ་ཚུ་ རི་དྭགས་སེམས་ཅན་གྱི་ཁ་ལུ་ ཤོར་ཏེ་སྡོད་ཡོདཔ་མ་ཚད་ ཁོང་ར་ཟ་ནི་གི་དོན་ལས་ཡང་ ཚོད་བསྲེ་ཚུ་ ཁྲོམ་ཁ་ལས་ ཉོ་དགོཔ་འཐོན་ཏེ་སྡོད་ཡོདཔ་ཨིན་རུང་ ད་རེས་ ར་བ་འགོར་མི་ལུ་བརྟེན་ཏེ་ དཀའ་ངལ་འདི་ སེལ་ཚུགས་ཏེ་ཡོད་ཟེར་བཤད་ཅི།

ད་རུང་ མི་ཚུ་གིས་སླབ་མི་ནང་ ར་བ་འདི་ལས་བརྟེན་ཏེ་ ཁོང་ཆ་ཁྱབ་ཀྱིས་ ཚོང་འབྲེལ་གྱི་དོན་ལས་ ཚོད་བསྲེ་གི་ལཱ་ཚུ་ཡང་ འབད་ཚུགས་ནི་མས་ཟེར་བཤད་ཅི།

སྤན་ལྟང་གཡུས་ཚན་གྱི་ ཁྱིམ་གུང་པ་༤༢་ཀྱི་དོན་ལུ་ ར་བ་འདི་ རྒྱལ་ཡོངས་མ་ནཱས་གླིང་ག་གིས་ རྒེད་འོག་བདག་སྐྱོང་དང་མཉམ་འབྲེལ་འབད་དེ་ དུས་ཅི་ སྤྱི་ཟླ་༤་པའི་ནང་ལུ་ མོ་བཏབ་ལས་འགུལ་ཅིག་འབད་ འགོར་འབྱིན་ནུག

འདི་ཡང་ མི་དང་རི་དྭགས་སེམས་ཅན་ཚུ་གི་བར་ནའི་འབྲེལ་འཛིང་ མར་ཕབ་འབད་ནི་དང་ སོ་ནམ་ཞིང་ལཱ་ལས་བརྟེན་ཏེ་ མི་ཚུ་གིས་རང་འབད་རུང་ འཚོ་བ་སྐྱོང་ཚུགསཔ་སྦེ་ སྡོད་ནི་གི་སེམས་ཤུགས་ འབྱིན་ཐབས་ལུ་ཨིན་མས།