གཟའ་ཉི་མ། ༢༠༡༨ ཟླ་༤ པའི་སྤྱི་ཚེས་༢༡

གཞལ་སྒང་ལུ་ མཆོད་པ་ལ་ཟེར་མི་དུས་སྟོན་འདི་ ད་ལྟོའི་བར་ན་ཡང་མ་ཉམས་པར་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༡༡ ༢༠༡༧

༉ རྒྱལ་ཁབ་ནང་ལུ་ དུས་ཀྱི་འགྱུར་བ་དང་བསྟུན་ ལམ་སྲོལ་མང་ཤོས་ཅིག་ ཉམས་འགྱོ་སྟེ་ཡོད་རུང་ གཞལ་སྒང་རྫོང་ཁག་ནང་ལུ་ ཧེ་མ་ལས་བརྩི་སྲོལ་ཡོད་པའི་ མཆོད་པ་ལ་ཟེར་མི་དུས་སྟོན་འདི་ ད་ལྟོའི་བར་ན་ཡང་ མ་ཉམས་པར་ཡོདཔ་ཨིན་མས།

མཆོད་པ་ལ་ཟེར་མི་ དུས་སྟོན་འདི་ཡང་ ངང་ལ་ཀྲོང་སྤྱི་འོག་གི་ མི་སེར་ཚུ་གི་དོན་ལས་ ནང་འཁོད་ཀྱི་དུས་སྟོན་ རྩ་ཆེ་ཤོས་ཅིག་ཨིན་མས།

མཆོད་པ་ལ་ཟེར་མི་ དུས་སྟོན་འདི་ཡང་ སྤྱི་འོག་འདི་ནང་གི་མི་སེར་ཚུ་གིས་ རང་སོའི་གཡུས་ལྷ་ལུ་ མཆོད་པ་འཕུལ་བའི་ བོན་པོའི་དུས་སྟོན་ཅིག་ཨིན་མས།

གཡུས་ལྷ་ལུ་མཆོད་པ་འཕུལ་ནི་གི་དོན་ལས་ དཔའ་བོ་གིས་ འགོ་འཁྲིད་འབད་དེ་ གཡུས་འདི་ནང་གི་མི་སེར་ཚུ་ ལྷ་ཤིང་གི་རྩ་བར་འཛོམས་ཏེ་ མཆོད་པ་འཕུལཝ་ཨིན་མས།

ལྷ་ཤིང་ཡོད་ས་ལས་ ལོག་གཡུས་ཁ་འོང་པའི་སྐབས་ ལམ་བདའ་ཡོད་པའི་ མཆོད་རྟེན་ཡོད་ཚད་གཅིགཔ་གི་རྩ་བར་ མཆོད་པ་ཕུལ་སྲོལ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ལོ་བསྟར་དུས་སྟོན་གྱི་སྐབས་ལུ་ དགའ་བའི་གླུ་ལེན་ སྐྱིད་པའི་འབྲོ་འཁྲབ་སྟེ་ ནང་འཁོད་ལུ་བཟོ་ཡོད་པའི་ ཆང་ཚུ་ཡང་དྲངས་དོ་ཡོདཔ་ཨིན་མས།

གཡུས་འདི་ནང་གི་མི་སེར་ཚུ་གིས་ དུས་སྟོན་འདི་ནང་ལུ་ རང་སོའི་གྱོན་ཆས་ཚུ་ གཟབ་སྤྲོས་རྡིག་འོང་སར་མཐོངམ་ཨིན་མས།

གཡུས་འདི་ནང་གི་ མི་སེར་ཚུ་གིས་སླབ་མི་ནང་ གཡུས་འདི་ནང་ཡོད་པའི་ དཔའ་བོ་འདི་གིས་ དུས་སྟོན་འདི་ ཉམས་སྲུང་འབད་ནི་ནང་ ཁག་ཆེ་བའི་འགན་ཁུར་ཚུ་ འབག་སྟེ་ཡོད་ཟེར་བཤད་ཅི།

འདི་བཟུམ་མའི་དུས་སྟོན་འདི་ གཞལ་སྒང་རྫོང་ཁག་འོག་གི་ ས་གནས་མང་ཤོས་ཅིག་ནང་རང་ འགོ་འདྲེན་འཐབ་སྲོལ་ཡོདཔ་ཨིན་རུང་ དུས་སྟོན་གྱི་སྐབས་ལུ་ དཔའ་བོ་འབྲེལ་གཏོགས་འབད་མི་འདི་ ངང་ལ་ཀྲོང་ གཅིག་ལས་བརྒལ་མེདཔ་ཨིན་མས།

དུས་སྟོན་འདི་ཡང་ མི་སྡེའི་ནང་ལུ་ ནད་ཡམས་མུ་གེ་འཁྲུགས་རྩོད་ཚུ་ཞི་སྟེ་ ཞི་བདེ་འབྱུང་ནི་གི་དོན་ལས་ འགོ་འདྲེན་འཐབ་ཨིན་པས།

ཉིནམ་༣་གི་རིང་ལུ་ བརྩི་སྲུང་འབད་མི་དུས་སྟོན་འདི་ཡང་ རང་ཟླ་༡༠་པའི་ཚེས་༡༥་ལུ་ཕོག་དོ་ཡོདཔ་མས།