གཟའ་སྤེན་པ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༠

མདོ་སྡེ་བྲག་དགོན་པའི་དགེ་སློང་ཚུ་གིས་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ནང་ལུ་ ཕྱགས་དར་གྱི་ལས་རིམ་ འགོ་འདྲེན་འཐབ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༡ ༢༠༡༧

 

༉ ཨ་རྟག་རང་ དུས་སྟོན་བརྩི་སྲུང་འབད་ཚར་བའི་ཤུལ་ལས་ དུས་སྟོན་འགོ་འདྲེན་འཐབ་སའི་ ས་སྒོ་འདི་ནང་ལུ་ ཕྱགས་སྙིགས་ཚུ་ལེ་ཤ་སྦེ་ བཀང་སྟེ་བཞག་དོ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ནང་ལུ་ཡང་ འདས་པའི་ཟླ་༣་གྱི་རིང་ བཀའ་འགྱུར་ལྗགས་ལུང་གནང་ཚར་བའི་ཤུལ་མ་ ས་སྒོ་འདི་ནང་ལུ་ ཕྱགས་སྙིགས་ཚུ་གིས་ གང་སྟེ་ཡོདཔ་ཨིན་མས།

འདི་འབདཝ་ལས་བརྟེན་ ཕྱགས་སྙིགས་འཛིན་སྐྱོང་འཐབ་དགོཔ་ ཁག་ཆེ་བའི་སྐོར་ལས་ མི་དམངས་ལུ་ གོ་བ་བརྡ་སྤྲོད་ འབད་ཐབས་ལུ་དམིགས་ཏེ་ ཁ་ཙ་ མདོ་སྡེ་བྲག་དགོན་པའི་དགེ་སློང་༡༧༠་དེ་ཅིག་གིས་ ཉིནམ་གཅིག་གི་རིང་ལུ་ ཕྱགས་དར་གྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་ནུག

ཕྱགས་དར་གྱི་འགོ་འདྲེན་པ་ བླམ་སངས་རྒྱས་ཀྱིས་གསུང་མི་ནང་ ཕྱགས་སྙིགས་བསྡུ་ནི་གི་ སེམས་ཤུགས་འདི་ཡང་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ བརྩམས་ཡོད་པའི་ ཀི་དེབ་འདི་ལས་བརྟེན་ཏེ་ ཐོབ་ཅི་ཟེར་ཨིན་མས།

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ བརྩམས་ཡོད་པའི་ ཀི་དེབ་འདི་ནང་ལུ་ ཕྱགས་སྙིགས་འཛིན་སྐྱོང་ཚུ་ ལེགས་ཤོམ་སྦེ་འཐབ་པ་ཅིན་ འདི་གིས་ཕན་ཡོན་ཚུ་གི་སྐོར་ལས་ འཁོད་དེ་ཡོདཔ་ཨིན་མས།

ཀུན་གསལ་ཕོ་བྲང་གི་ས་སྒོ་འདི་ནང་ལུ་ ཕྱགས་སྙིགས་བསྡུ་ལེན་འབད་ནི་གི་ལཱ་འདི་ འཇམ་ཏོང་ཏོ་ཅིག་མེདཔ་ད་ འདི་ཡང་ ཁོང་ཆ་ཁྱབ་ཀྱིས་ ཕྱགས་སྙིགས་སྣུམ་འཁོར་ཀྲག་ ༩་བསྡུ་ཡོདཔ་ཨིན་མས།

ཨིན་རུང་ ས་སྒོ་འདི་ནང་ལུ་ ད་རེས་ ཕྱགས་དར་གྱི་ལས་རིམ་ འགོ་འདྲེན་འཐབ་མི་འདི་གིས་ ཕྱགས་སྙིགས་ཚུ་བསྡུ་མ་ཚར་བར་ཡོདཔ་ལས་ ཕྱགས་དར་གྱི་ལས་རིམ་འདི་ ད་རུང་ འགོ་འདྲེན་འཐབ་དགོ་ནི་ཨིན་མས།

ད་ལྟོ་ཚུན་ཚོད་ ས་སྒོ་འདི་ནང་ལུ་ ཕྱགས་སྙིགས་འཛིན་སྐྱོང་འཐབ་མི་ བསྟན་པ་རྡོར་ལྡན་མའི་སྐུ་འདྲ་བཞེངས་མི་གི་ ལས་འགུལ་འདི་རྩིས་ཏེ་ གཞན་མི་ཁས་བླང་པ་སྡེ་ཚན་ གཉིས་ལས་བརྒལ་མ་འཐོནམ་ཨིན་མས།