གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

བསམ་གྲུབ་ལྗོངས་མཁར་ལུ་ ཆུ་ཤོག་ལག་ལེན་ མར་ཕབ་འབད་ནིའི་ལས་རིམ།

སྤྱི་ཟླ་༣ པའི་ཚེས་ ༢༧ ༢༠༡༧

༉ བསམ་གྲུབ་ལྗོངས་མཁར་གྱི་ ཚོད་བསྲེ་ཁྲོམ་ཁ་ལུ་ ཆུ་ཤོག་ལག་ལེན་ མར་ཕབ་འབད་ནིའི་ ལས་རིམ་ཅིག་འགོ་བཙུགས་མི་འདི་ མཐར་ཁྱོལ་ཅན་ཅིག་སྦེ་འཐོན་ཏེ་འདུག

ལས་རིམ་འདི་ཡང་ ཁྲོམ་ཁ་ལུ་ ཕྱགས་སྙིགས་མར་ཕབ་འབད་ཐབས་ལུ་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་གིས་ ན་ཧིང་ འགོ་བཙུགས་ནུག

ཁྲོམ་སྡེའི་འགོ་དཔོན་ཚུ་གིས་སླབ་མི་ནང་ ཆུ་ཤོག་ལག་ལེན་འཐབ་མ་ཆོག་པའི་ ལམ་ལུགས་འདི་ ཧེ་མ་རང་ ཚོད་བསྲེ་ཁྲོམ་ཁ་ལུ་འགོ་བཙུགས་མི་འདི་ཡང་ ཆུ་ཤོག་འདི་ཚུ་ མང་སུ་ཅིག་ ཚོད་བསྲེ་ཁྲོམ་ཁར་ ལག་ལེན་འཐབ་དོ་ཡོད་མི་ལས་བརྟེན་ཏེ་ཨིན་ཟེར་བཤད་ཅི།

ལས་རིམ་འདི་ལུ་ བསམ་གྲུབ་ལྗོངས་མཁར་གྱི་ ཚོད་བསྲེ་ཚོང་འབྲེལ་འཐབ་མི་ཚུ་གིས་ཡང་ ངོས་ལེན་ལེགས་ཤོམ་སྦེ་རང་ འབད་དེ་འདུག

ཚོང་པ་ཚུ་གིས་སླབ་མི་ནང་ ད་རེས་ ཁོང་ཆ་ཁྱབ་ཀྱིས་ ཆུ་ཤོག་འདི་ ཆུམ་དང་ཕྱེ་ དེ་ལས་ གེ་ཛ་སིབ་ཚུ་ འདེགས་ནི་གི་དོན་ལུ་རྐྱངམ་ཅིག་ ལག་ལེན་འཐབ་སྟེ་ཡོདཔ་ལས་ ཆུ་ཤོག་ལག་ལེན་འཐབ་ནི་འདི་ མར་ཕབ་འབད་ཚུགས་ཏེ་ཡོད་ཟེར་བཤད་ཅི།

ཨིན་རུང་ ཚོད་བསྲེ་བཙོང་མི་ཚུ་གིས་འབད་བ་ཅིན་ ཇོ་ལ་འབག་མ་འོང་མི་ ཚོང་ཉོ་མི་ཚུ་གིས་ ཆུ་ཤོག་གནང་ཟེར་སླབ་པའི་སྐབས་ མ་འབྱིན་པ་ཅིན་ ཚོང་ཡང་ཉོ་མི་བཏུབ་དོ་ཡོདཔ་ལས་ གནས་སྟངས་འདི་ གདོང་ལེན་ཅན་ཅིག་འོངམ་མས་ཟེར་ཨིན་མས།

བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་གིས་ ལས་རིམ་འདི་འགོ་བཙུགས་པའི་ཤུལ་ལུ་ ཚོད་བསྲེ་ཚོང་འབྲེལ་འཐབ་མི་༣༠་དེ་ཅིག་ལས་ ཟླཝ་རེ་ནང་ལུ་ ཆུ་ཤོག་ཀེ་ལྗི་༣༥་དེ་རེ་ མར་ཕབ་འབད་ཚུགས་ཏེ་འདུག

འབྲུག་རྒྱལ་ཁབ་ཀྱིས་ ཆུ་ཤོག་ལག་ལེན་འཐབ་ནི་འདི་ སྤྱི་ལོ་༡༩༩༩་ལུ་ བཀག་ཆ་འབད་བའི་ཤུལ་ ད་རུང་ སྤྱི་ལོ་༢༠༠༥་ལུ་ ལོག་སྟེ་ར་ བཀག་ཆ་འབད་ཡོདཔ་ཨིན་རུང་ རྒྱལ་ཁབ་ནང་ལུ་ ཆུ་ཤོག་འདི་ཚུ་ ད་ལྟོ་བར་ན་ཡང་ ཁྱབ་ཆེཝ་སྦེ་ལག་ལེན་འཐབ་སྟེ་རང་ཡོདཔ་ཨིན།