གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

ཕྱགས་སྙིགས་འཛིན་སྐྱོང་འཐབ་སྟེ་ མི་སྡེའི་ནང་ལུ་ འོང་འབབ་ བཟོ་ཚུགས་དོ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༡༡ ༢༠༡༧

༉ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་འདི་ མཐའ་འཁོར་གཙང་སྦྲ་དང་ལྡནམ་སྦེ་བཞག་ནི་རྐྱངམ་ཅིག་མེན་པར་ བློ་རིག་གི་ཐོག་ལས་ལཱ་འབད་དེ་ འཛིན་སྐྱོང་འཐབ་པ་ཅིན་ མི་སྡེ་ནང་ལུ་ འོང་འབབ་བཟོ་ནི་གི་ གཞི་ཅིག་ཡང་ཨིན་མས།

ཐིམ་ཕུག་ ཏ་ར་ཡ་ན་གཞི་ཚོགས་ཀྱི་ ལྟེ་བའི་ནང་ལུ་སྦེ་ ཕྱགས་སྙིགས་འཛིན་སྐྱོང་གི་ཐོག་ལས་ ཨམ་སྲུ་ཚུ་ལུ་ བློ་སྟོབས་བྱིན་ནི་གི་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་བསྒང་ར་ཡོདཔ་ཨིན།

ལྟེ་བ་འདི་གིས་ ཨམ་སྲུ་ཚུ་ལུ་ ཆུ་ཤོག་དང་འབྲེལ་བའི་ ཕྱགས་སྙིགས་ཚུ་གིས་སྦེ་ ཇོ་ལ་དང་གཞན་མཁོ་ཆས་བའི་ཅ་ཆས་ཚུ་བཟོ་ནི་གི་ སྦྱོང་བརྡར་བྱིན་དོ་ཡོདཔ་ཨིན།

སྦྱོང་བརྡར་འདི་གི་ཐོག་ལས་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་འདི་ ཕམ་ཡ་བྲལ་འགྱོ་མི་དང་ དབང་པོ་ལུ་ཐོ་ཕོག་སྟེ་ཡོད་མི་ ཕམ་གྱི་ ཨ་ལོ་ཚུ་གི་དོན་ལས་ སེམས་ཤུགས་ཆེ་བའི་ ཚོང་འབྲེལ་གྱི་ལཱ་ཅིག་ཨིན་མས།

ཁོང་ སྦྱོང་བརྡར་ནང་བཅའ་མར་གཏོགས་མི་ཚུ་ལུ་ ཆུ་ཤོག་གི་སྦེ་ ཇོ་ལ་དང་ དངུལ་ཁུག་ དེ་ལས་ གཞན་ ཁྱིམ་ནང་ལུ་དགོ་པའི་ ཅ་ཆས་ཚུ་ འཐག་ནི་དང་ བཙེམས་ནི་ཚུ་ སྟོན་བྱིན་དོ་ཡོདཔ་ཨིན།

སྦྱོང་བརྡར་ལས་རིམ་འདི་ རུལ་མ་བཏུབ་པའི་ ཕྱགས་སྙིགས་ཀྱི་རིགས་ཚུ་ བསྐྱར་བཟོ་འབད་ནི་དང་ ལོག་སྟེ་ལག་ལེན་འཐབ་ནི་གི་ གོ་བ་བརྡ་སྤྲོད་ཚུ་འབད་ནི་གི་ ཐབས་ཤེས་ཅིག་ཡང་ཨིན་མས།

བདུན་ཕྲག་གཉིས་ཀྱི་རིང་ལུ་འགོ་འདྲེན་འཐབ་དོ་ཡོད་མི་ ཕྱགས་སྙིགས་འཛིན་སྐྱོང་གི་ སྦྱོང་བརྡར་ལས་རིམ་འདི་ གཟའ་ལྷགཔ་གི་ཚེས་ མཇུག་བསྡུ་ནི་ཨིན་མས།

ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་འགོ་འདྲེན་འཐབ་མི་ ལས་རིམ་འདི་ནང་ལུ་ ཨམ་སྲུ་༤༠དེ་ཅིག་གིས་ བཅའ་མར་གཏོགས་དེ་ཡོདཔ་ཨིན།