གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

སྤ་རོ་ཁྲོམ་གཙང་སྦྲགས་དང་ལྡནམ་སྦེ་བཞག་ནི་ལུ་གདོང་ལེན།

སྤྱི་ཟླ་༢ པའི་ཚེས་ ༩ ༢༠༡༧

༉ སྤ་རོ་ཁྲོམ་ཧིང་སངས་སང་འབད་བཞག་ནི་གི་དོན་ལས་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ ཕྱགས་སྙིགས་བསྡུ་མི་སྣུམ་འཁོར་བཏང་ནི་དང་ བལྟ་རྟོགས་འབད་ནི་གི་ལཱ་ཚུ་ནང་ལུ་ བརྩོན་ཤུགས་སྐྱེད་དེ་རང་འདུག

ཨིན་རུང་ ཁྲོམ་འདི་ཁ་ལུ་ ཕྱགས་སྙིགས་ག་ལྷོད་བཀོག་མི་འདི་ ད་ལྟོའི་བར་ན་ཡང་ཡོདཔ་ལས་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་ནང་ གདོང་ལེན་འབྱུང་སྟེ་རང་ཡོདཔ་ཨིན་མས།

སྤ་རོ་ཁྲོམ་སྡེ་ཡིག་ཚང་ནང་ལས་ རྡོ་རྗེ་དབང་འདུས་ཀྱིས་སླབ་མི་ནང་ མི་ཚུ་གིས་ ཕྱགས་སྙིགས་འདི་ཡང་ གནམ་ནུབ་མོ་ ཁྲོམ་གྱི་ཟུར་ཁ་ལས་ཕར་ ས་སྒོ་སྟོངམ་སྦེ་ཡོད་ས་ལུ་ བཀོག་བཞགཔ་མས་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ ཁྲོམ་ཁ་ལུ་ ཕྱགས་སྙིགས་འདི་ ཅ་ལ་རོག་རོག་འཇོམ་སྟེ་བཙོང་མི་ཚུ་ལས་བརྟེན་ཏེ་ཡང་ བཀང་མས་ཟེར་ཨིན་མས།

ཅ་ལ་རག་རོགས་འཇོམ་མི་ཚུ་གིས་ ཕྱགས་སྙིགས་བཀོག་སའི་ལྷོད་སློང་པའི་སྐབས་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོག་བཏངམ་ཨིན་མས།

ཁྲོམ་སྡེ་ཡིག་ཚང་གིས་ འདས་པའི་ཟླཝ་གི་སྤྱི་ཚེས་༢༧་ལས་ སྒྲིང་ཁྱིམ་མཐའ་འཁོར་ལུ་ ཕྱགས་སྙིགས་མཐོང་པའི་སྐབས་ ཁང་མིག་རེ་ལུ་ ཉེས་བྱ་དངུལ་ཀྲམ་༥༠༠་རེ་བཀལ་ནི་འགོ་བཙུགས་ཏེ་འདུག

ད་རུང་ ལམ་ལུགས་འདི་ལུ་མ་གནས་པ་ཅིན་ ཁྲོམ་སྡེ་གི་ཁ་ཐུག་ལས་ མི་ཚུ་ལུ་ འཐུང་ཆུ་མ་འབྱིན་པར་བཞག་དོ་ཡོདཔ་ཨིན་མས།

སྤ་རོ་ཁྲོམ་སྡེ་དང་འཁྲིལ་བ་ཅིན་ འདི་བཟུམ་གྱི་ཁྲིམས་འདི་ ཁྱིམ་གུང་དག་པ་ཅིག་ལུ་ ད་ལྟོ་ལས་རང་ ལག་ལེན་འཐབ་དགོཔ་ཐོན་ཏེ་ཡོད་ཟེར་བཤད་ཅི།

ཨིན་རུང་ མི་ཚུ་གིས་སླབ་མི་ནང་ ཁྲོམ་ཧིང་སངས་སང་སྦེ་བཞག་ནི་གི་དོན་ལས་ ཁོང་གི་ཁ་ཐུག་ལས་ཡང་ ལཱ་ཚུ་འབད་དེ་རང་ཡོད་ཟེར་ཨིན་མས།

སྤ་རོ་ཁྲོམ་ཁ་ལུ་སྡོད་མི་ཚུ་གིས་ ཟླཝ་རེ་ནང་ ཕྱགས་བརྡར་གྱི་ལས་རིམ་ ཚར་༢་རེ་ འགོ་འདྲེན་འཐབ་དོ་ཟེར་ཨིན་མས།