གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༡

ཕྱི་ཡི་རྒྱལ་ཁབ་ནང་འབྲུག་མི་ལཱ་འབད་བར་བཏང་ནི་གི་དམིགས་ཡུལ་འདི་ལེགས་ཤོམ་ཅིག་སྦེ་གྲུབ་མ་ཚུགསཔ།

སྤྱི་ཟླ་༢ པའི་ཚེས་ ༢༧ ༢༠༡༥

Overseas Employment Scheme failing༉ ལཱ་གཡོག་ལྷན་ཁག་གིས་ འབྲུག་མི་ཚུ་ ཕྱི་རྒྱལ་ལུ་ལཱ་འབད་བར་བཏང་ནིའི་ སྲིད་བྱུས་འགོ་བཙུགས་ཏེ་ ལོ་གཅིག་འགྱོ་སྟེ་འབད་རུང་ མི་གནམ་མེད་ས་མེད་ཅིག་ བཏང་མ་ཚུགས་པ་ཡོདཔ་ཨིན།

ལྷན་ཁག་གིས་འབད་བ་ཅིན་ ལོ་ལྔ་འཆར་གཞི་༡༡་པའི་ནང་འཁོད་ལུ་ འབྲུག་མི་སྟོང་ཕྲག་༣༠་དེ་ཅིག་ ཕྱི་རྒྱལ་ལུ་ ལཱ་འབད་བར་བཏང་ནིའི་ འཆར་གཞི་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ཚོད་ མི་༡༧༦་ལས་འགལ་ཏེ་ བཏང་མ་ཚུགས་པས།

དེ་ཡང་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གན་ཡིག་གི་ ལོ་ཕྱེད་བསྐྱར་ཞིབ་ཀྱི་སྐབས་ལུ་ གསལ་ཞུ་འབད་ཡོདཔ་ཨིན།

བསྐྱར་ཞིབ་ཀྱི་སྐབས་ལུ་ ལཱ་གཡོག་ལྷན་ཁག་གི་དྲུང་ཆེན་གྱིས་ཞུ་མི་ནང་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་མི་ཚུ་ ལཱ་འབད་བར་བཏང་ནིའི་རྒྱལ་ཁབ་ ངོས་འཛིན་འབད་དེ་ཡོད་མི་ཚུ་གི་དོན་ལུ་ འབྲུག་རྒྱལ་ཁབ་འདི་ ཕྱི་ཡི་ལས་མི་གི་ ཐོན་ཁུངས་ཅིག་སྦེ་ བཀོད་དེ་མིན་འདུག་ཟེར་ཨིན་མས།

དེ་འབདཝ་ལས་ རྒྱལ་ཁབ་དེ་ཚུ་གིས་ འབྲུག་མི་ཚུ་ ལཱ་འབད་ནིའི་དོན་ལུ་ ལེན་མི་བཏུབ་པས་ཟེར་ཨིན་མས།

རྒྱལ་ཁབ་ཚུ་ཡང་ ཀེ་ནེ་གྲ་དང་ ཨཱསི་ཀྲའི་ལི་ཡ་དེ་ལས་ ཀོ་རི་ཡ་དང་ སིན་ག་པོར་ ཇ་པཱན་དང་ ནིའུ་ཛི་ལེན་ཚུ་ཨིན་མས།

ན་ཧིང་ ལཱ་གཡོག་ལྷན་ཁག་གི་ཁ་ཐུག་ལས་ ཕྱི་འབྲེལ་ལྷན་ཁག་ལུ་ འབྲུག་རྒྱལ་ཁབ་འདི་ ཕྱི་མི་ལས་མི་གི་ ཐོན་ཁུངས་ཅིག་སྦེ་ ཚུད་ནིའི་དོན་ལུ་ རྒྱལ་ཁབ་ དེ་ཚུ་དང་ཅིག་ཁར་ ག་དེ་མགྱོགས་མགྱོགས་ བློ་ཚུ་སླབ་དགོཔ་སྦེ་ཞུ་བ་འབད་ནུག

བློན་ཆེན་མཆོག་གིས་གསུང་མི་ནང་ གནད་དོན་དེ་གི་ཐད་ཁར་ ཁོ་གི་ཁ་ཐུག་ལས་ཡང་ ག་དེ་མགྱོགས་མགྱོགས་ བལྟ་གེ་ཟེར་གསུང་ཡི།

ལཱ་གཡོག་ལྷན་ཁག་གིས་བཀོད་མི་ནང་ ལཱ་གཡོག་གི་གོ་སྐབས་བཟོ་ནི་ནང་ ལྷན་ཁག་འདི་ལུ་ དབང་ཚད་གནམ་མེད་ས་མེད་ཅིག་ མིན་འདུག་ཟེར་ཨིན་མས།

དེ་ཡང་ ལྷན་ཁག་གིས་བཀོད་མི་ནང་ འཆར་གཞི་༡༡་པའི་ནང་ སོ་ནམ་དང་གློག་མེ་ལས་འགུལ་ བཟོ་བསྐྲུན་དང་ལམ་སྲོལ་ དེ་ལས་ བརྡ་དོན་འཕྲུལ་རིག་དང་ བལྟ་བཤལ་ལས་སྡེ་ཚུ་ནང་ ལཱ་གཡོག་གི་གོ་སྐབས་སྟོང་ཕྲག་༨༢་དེ་ཅིག་ བཟོ་དགོཔ་སྦེ་ཡོད་ཟེར་ཨིན་མས།

ཨིན་རུང་ ལས་སྡེ་དེ་ཚུ་གིས་ ངར་ཡེང་ཡེ་སྦེ་གྲལ་ཁར་གཏོགས་མ་བཏུབ་པ་ཅིན་ ལྷན་ཁག་རྐྱངམ་ཅིག་གིས་ དམིགས་ཡུལ་འདི་གྲུབ་མི་ཚུགས་ཟེར་ཨིན་མས།