མགར་ས་ལུ་ གནས་བཤད་ཀྱི་ ཀི་དེབ་ཅིག་གསར་སྟོན་འབད་ཡོདཔ།

༉ ད་རིས་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་མི་དང་འབྲེལ་ མགར་ས་ལུ་ཡང་ དུས་སྟོན་བརྩི་སྲུང་གི་ཆ་ཤས་ལས་རིམ་ཅིག་སྦེ་ གནས་བཤད་ཀྱི་ཀི་དེབ་ཅིག་གསར་སྟོན་འབད་ཡི།

འདི་བཟུམ་སྦེ་ རྫོང་ཁག་འདི་ནང་ཡོད་པའི་ རང་བཞིན་སོ་ནམ་པའི་སྡེ་ཚན་གྱིས་ རྫས་སྦྱོར་མེད་པའི་སོ་ནམ་གྱི་ཐོན་སྐྱེད་ཚུ་ཡང་ འགོ་འབྱེད་འབད་ནུག

དུས་སྟོན་ལས་རིམ་འདི་ཡང་ ད་རེས་ནངས་པ་ གསར་སྒྲུབ་འབད་དེ་ཡོད་མི་ མགར་ས་རབ་སྡེའི་གྲྭ་ཤག་གི་རྡོ་གཅོལ་ནང་ལུ་སྦེ་ བརྩི་སྲུང་ཞུ་སྟེ་ཡོདཔ་ཨིན།

མགར་ས་རྫོང་ཁག་འདི་ བླམ་དང་གྲུབ་ཐོབ་མང་རབས་ཅིག་གིས་ ཞབས་ཀྱིས་བཅགས་ཏེ་ བྱིན་གྱིས་བརླབས་གནང་ཡོད་པའི་རྫོང་ཁག་ཅིག་ཨིན་པའི་ཁར་ དཔལ་འབྲུག་པ་རིན་པོ་ཆེ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ འགོ་ཐོག་ འབྲུག་ལུ་བྱོན་པའི་སྐབས་ མགར་ས་ལས་བརྒྱུད་དེ་བྱོན་ཡོདཔ་ལས་ ཡོངས་གྲགས་ལུ་ མགར་ས་འདི་ ལུང་འགོ་ཟེར་ཡང་སླབ་དོ་ཡོདཔ་ཨིན།

འདི་བཟུམ་སྦེ་ རྫོང་ཁག་འདི་ནང་ བྱིན་ཅན་གྱི་གནས་རྩ་ཅན་ཁག་ལེ་ཤ་ཡོད་རུང་ ད་རེས་ གནས་འདི་ཚུ་གི་སྐོར་ལས་ དེ་ཅིག་རང་ ཡིག་ཐོག་ལུ་བཀོད་དེ་མེདཔ་ལས་ མི་མང་ཤོས་ཅིག་གིས་རང་ མི་ཤེས་དོ་ཡོདཔ་ཨིན་མས།

ཨིན་རུང་ ད་ལས་ཕར་ མི་ཚུ་གིས་ མགོན་མགར་སའི་ཕྱོགས་སུ་ བླ་མ་རྣམས་ཀྱི་ཞབས་ཀྱིས་ བཅགས་ཚུལ་གནས་བཤད་ཀུན་གསལ་མེ་ལོང་ཟེར་མི་ གནས་བཤད་ལུ་ འཁོད་དེ་ཡོདཔ་ལས་ ལེ་ཤོམ་སྦེ་རང་ ཧ་གོ་ཚུགས་ནི་ཨིན་མས།

འདི་བཟུམ་སྦེ་ རྫོང་ཁག་འདི་ནང་ཡོད་པའི་ རང་བཞིན་སོ་ནམ་སྡེ་ཚན་གྱིས་ རང་བཞིན་གྱིས་སྨིན་པའི་སོ་ནམ་གྱི་ཐོན་སྐྱེད་ ༥ ཡང་ འགོ་འབྱེད་འབད་དེ་ཡོདཔ་ཨིན།

ཐོན་སྐྱེད་ཚུ་ཡང་ རྫོང་ཁག་འདི་ནང་རང་བཟོ་སྦྱོར་འབད་མི་ སྐྱ་སྒོགཔ་དང་རྒྱ་རེད་ཀྱི་ཕྱི་ དེ་ལས་ བྱཱོ་ཕྱི་དང་པད་དཀར་མར་ཁུ་ཚུ་ཨིན་མས།

སྡེ་ཚན་འདི་གིས་སླབ་མི་ནང་ ཐོན་སྐྱེད་ཚུ་དེ་སྦེ་བཟོ་མི་འདི་གིས་ སོ་ནམ་གྱི་ཐོན་སྐྱེད་ཚུ་མེདཔ་འགྱོ་ནི་ལས་ བཀག་ཚུགས་པའི་ཁར་ ས་གནས་ཀྱི་དཔལ་འབྱོར་ཡར་དྲག་གཏང་ནི་ནང་ཡང་ ལྷན་ཐབས་སྦོམ་སྦེ་རང་འབྱུང་འོང་ཟེར་བཤད་ཅི།

ད་རེས་ སྡེ་ཚན་འདི་ནང་ འཐུས་མི་ ༥༠ ལྷགཔ་ཅིག་ཡོདཔ་ཨིན་མས།

བསོད་ནམས་བསྟན་འཛིན། གནས་ཚུལ་བསྡུ་ལེན་པ། མགར་ས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube