༉ ཆུ་ཁ་ལུ་ཡོད་པའི་ མེ་ག་ཝཊ་༡༠༢༠་འབད་མི་ དར་ལ་གློག་མེ་ལས་འགུལ་འདི་ དུས་ཅི་སྤྱི་ཟླ་༡༢པའི་ཟླ་མཇུག་ནང་ལས་འགོ་བཙུགས་ཏེ་ ཟླཝ་༣གྱི་རིང་ སྒོ་བསྡམ་སྟེ་བཞག་ནི་ཨིན་མས།
འཕྲུལ་ཁང་འདི་ ཟླཝ་༣གྱི་རིང་ལུ་ སྒོ་བསྡམ་བཞག་པའི་བསྒང་ལས་ རྒྱལ་ཁབ་ལུ་ དངུལ་ཀྲམ་ས་ཡ་༨༤༠དེ་ཅིག་ རྒུད་ཕོག་ནི་ཨིན་མས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་འཁྲིལ་བ་ཅིན་ འདི་ཡང་ རྒྱལ་སྤྱིའི་མཁས་མཆོག་ཚུ་གིས་ རྒྱབ་སྣོན་བཀོད་མི་དང་བསྟུན་ཏེ་ ཧེཌ་རེས་ཊ་ནཱལ་ཟེར་མི་ཆུ་གདུང་ནང་ ཞིབ་དཔྱད་ཁ་གསལ་སྦེ་འགོ་འདྲེན་འཐབ་ནི་དང་ བཅོ་ཁ་རྐྱབ་དགོཔ་ཡོད་མི་ཚུ་ བཅོ་ནིའི་དོན་ལས་ཨིན་མས།
ཧེ་མ་ སྤྱི་ཟླ་༣པའི་ནང་ ཞིབ་དཔྱད་ཚར་ཅིག་འགོ་འདྲེན་འཐབ་པའི་སྐབས་ ཆུ་གདུང་འདི་ནང་ སེར་གུ་དང་ དོང་ཚུ་མཐོང་ཡོདཔ་མ་ཚད་ ཆུ་གདུང་གི་གཤམ་ལུ་ ས་རུ་རྡོ་རུ་ཚུ་ཡང་ཡོདཔ་སྦེ་མཐོང་ནུག
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲག་ཤོས་ཚེ་དབང་རིང་འཛིན་གྱིས་གསུང་མི་ནང་ འབྲུག་ལུ་ ནང་འཁོད་ཚོང་ལམ་ནང་ལུ་ གློག་མེ་བཀྲམ་སྤེལ་ མི་ལང་ནི་ཨིནམ་དང་ ཟླཝ་གསུམ་གྱི་རིང་ གློག་མེ་བཀྲམ་སྤེལ་ མ་ལང་པའི་དཀའ་ངལ་སེལ་ཐབས་ལུ་ རྒྱ་གར་ལས་ གློག་མེ་ནང་འདྲེན་འཐབ་ནིའི་ བདེ་ཐབས་སྒྲིག་འོང་ཟེར་ཨིན་མས།
ཆུ་ཆུང་ཀུ་འབད་བའི་དུས་ཚོད་ཁར་ དར་ལ་གློག་མེ་འཕྲུལ་ཁང་གིས་ གློག་ཤུགས་མེ་ག་ཝཊ་༡༩༠དེ་ཅིག་བཏོན་དོ་ཡོདཔ་དང་ འདི་ཚུ་ག་ར་ ནང་འཁོད་ལུ་སྤྱོད་ནིའི་དོན་ལས་ ལག་ལེན་འཐབ་ཨིན་མས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་བཀོད་མི་ནང་ ཆུ་གདུང་ནང་ལས་ ཆུ་བཏོན་བཏང་ནིའི་དོན་ལུ་ ཉུང་ཤོས་ཉིམ་༤༥དང་ ཆུ་ལོག་སྟེ་བཀང་ནིའི་དོན་ལུ་ ཉིམ་༡༥འགོར་ནི་ཨིནམ་ལས་ ནང་ན་ལུ་ ཞིབ་དཔྱད་འབད་ནི་དང་ བཅོ་རྐྱབ་ནིའི་ལཱ་ཚུ་གི་དོན་ལུ་ ཟླཝ་༡དེ་ཅིག་ལས་བརྒལ་ མི་འཐོབ་པས་ཟེར་ཨིན་མས།
དུས་ཅི་སྤྱི་ཟླ་༣པའི་ནང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ ཆུ་འོག་གི་པར་ཆས་དང་སྦྲག་ཏེ་ ཚད་འཛིན་འཕྲུ་ཆས་ཀྱི་ཐོག་ལས་ ལཱ་འབད་བཏུབ་པའི་ སྣུམ་འཁོར་ཅིག་དང་ སོ་ནར་གྱི་འཕྲུལ་ཆས་ལག་ལེན་འཐབ་སྟེ་ ཆུ་གདུང་འདི་ནང་ ཞིབ་དཔྱད་འབད་ཡོདཔ་ཨིན་མས།