སྤ་རོ་ལུ་ ད་རུང་རང་ མི་མང་བརྟག་དཔྱད་འབད་ནི་གི་ལས་རིམ།

༉ སྤ་རོ་ལུ་ ནད་ཡམས་ཀྱི་ཚོས་གཞི་སེརཔོ་ནང་ལུ་ཚུད་དེ་ཡོད་པའི་ས་སྒོ་ཚུ་ནང་ལས་ཕར་ ད་རུང་རང་ ད་རིས་ལས་ མི་མང་བརྟག་དཔྱད་འབད་ནི་གི་ལས་རིམ་ འགོ་བཙུགས་ཏེ་འདུག

སྤ་རོ་ལུ་ རྒེད་འོག་༡༠ཡོད་ས་ལས་ ན་རྒྱ་དང་རྡོ་དཀར་ དེ་ལས་ རྡོ་སྟེང་དང་བཙན་ཏོ་རྒེད་འོག་ཚུ་མ་གཏོགས་ གཞན་མི་རྒེད་འོག་༦འདི་ ནད་ཡམས་ཀྱི་ཚོས་གཞི་ སེརཔ་ནང་ལུ་ཚུད་དེ་ཡོདཔ་ཨིན།

སྤ་རོ་ལས་ དཔེ་ཚད་འདི་ཚུ་ གསོ་བའི་ལས་བྱེདཔ་ཚུ་ཡོད་པའི་ སྡེ་ཚན་༤གིས་བསྡུ་དོ་ཡོདཔ་ད་ འདི་ཡང་ གཡུས་ཁ་ལས་ཕར་ འགྱོ་ཞིན་ན་ བསྡུ་ནི་འདུག

དཔེ་ཚད་ཚུ་ཡང་ ཁྱིམ་གུང་ག་རའི་ནང་ལས་ བསྡུ་དོ་ཡོདཔ་ལས་ ཉིནམ་གཉིས་ཀྱི་རིང་ལུ་ དཔེ་ཚད་ཡུདཔ་ཅིག་ སྟོང་ཕྲག་༦དེ་ཅིག་ བསྡུ་དགོ་ནི་ཨིནམས།

བརྟག་དཔྱད་ལས་རིམ་འགོ་འདྲེན་འཐབ་ཚར་བའི་ཤུལ་ མི་ག་ལུ་ཡང་ ནད་འབུཔ་མེདཔ་སྦེ་ཐོན་སོང་པ་ཅིན་ སྤ་རོ་རྫོང་ཁག་འདི་ཡང་  ནད་ཡམས་མེད་པའི་རྫོང་ཁག་ ཚོས་གཞི་ལྕང་ཁ་ནང་ལུ་ཨིནམ་སྦེ་ གསལ་བསྒྲགས་འབད་ནི་ཨིནམ་ལས་ བཀག་དམ་ཚུ་ཡང་ ག་ནི་ཡང་མི་འོང་ནི་ཨིན་མས།

སྤ་རོ་ལུ་ མི་སྡེ་ནང་ལས་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་འདི་ འགོ་དང་པ་རང་ ན་ཧིང་ སྤྱི་ཟླ༡༢པའི་སྤྱི་ཚེས་༢༢ལུ་ ཤར་པ་ལས་སྦེ་ ངོས་འཛིན་འབྱུང་སྟེ་ཡོདཔ་ཨིན།

ཨིན་རུང་ རྫོང་ཁག་འདི་ནང་ལུ་ ད་ལྟོ་ཚུན་ཚོད་ མི་སྡེ་ནང་ལས་ ནད་འབུཔ་ཐོབ་མི་མ་ཐོན་པར་ ད་རེས་འབདཝ་ད་ལུ་ བདུན་ཕྲག་གསུམ་འགྱོ་སྟེ་འདུག

མི་མང་བརྟག་དཔྱད་ལས་རིམ་གྱི་གྲུབ་འབྲས་འདི་ གཟའ་མིག་དམར་ལུ་ བཏོན་ཚུགས་པའི་རེ་བ་འདུག

གནས་ཚུལ་བསྡུ་ལེན་པ་ རྣམ་རྒྱལ་དབང་ཕྱུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube