གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

ཞབས་ཏོག་ལྷན་ཁག་གིས་ འཆར་དངུལ་མང་ཤོས་ཅིག་ར་ འཁོར་ལམ་ལེགས་ཤོམ་སྦེ་ བཟོ་ནི་ནང་འགྲོ་སོང་།

སྤྱི་ཟླ་༨ པའི་ཚེས་ ༢༢ ༢༠༡༩

༉ ཞབས་ཏོག་ལྷན་ཁག་གིས་ དུས་ཅི་ འཆར་དངུལ་མང་ཤོས་ཅིག་ར་ རྒྱལ་ཁབ་ནང་འཁོད་ཀྱི་ འཁོར་ལམ་ཚུ་ལེགས་ཤོམ་སྦེ་ བཟོ་ནི་ནང་ལུ་ ཟད་འགྲོ་བཏང་ནི་གི་ འཆར་གཞི་འདུག

འདི་ཡང་ ལྷན་ཁག་འདི་གིས་ ད་རེས་ཀྱི་རྩིས་ལོ་གི་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་གན་ཡིག་ནང་ལུ་ གཙོ་རིམ་ཅན་གྱི་གནད་དོན་ཚུ་གི་གྲལ་ལས་ ཅིག་ཨིན་མས།

གཞུང་སྐྱོང་ཕྱོགས་བསྒྱུར་གྱི་གན་ཡིག་འདི་ཡང་ བློན་ཆེན་དང་ཞབས་ཏོག་ལྷན་ཁག་གི་བར་ན་ ད་རིས་ མཚན་རྟགས་བཀོད་གནང་ནུག

འདི་བསྒང་ ཞབས་ཏོག་ལྷན་ཁག་དང་འཁྲིལཔ་ད་ རྩིས་ལོ་༢༠༡༩་དང་༢༠༢༠ཀྱི་དོན་ལས་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་སྟོང་ཕྲག་ཕྱད་ད་༣ལྷགཔ་ཅིག་ཡོད་ས་ལས་ མང་ཤོས་ཅིག་ར་ ལམ་སེལ་ལས་ཁུངས་ཀྱིས་ འཁོར་ལམ་ལེགས་བཅོས་ཀྱི་དོན་ལུ་ ལག་ལེན་འཐབ་འོང་ཟེར་བཤད་ཅི།

ད་རུང་ ཞབས་ཏོག་ལྷན་ཁག་འདི་གིས་ གཞུང་ལམ་དང་བཟོ་གྲྭ་འཕྲུལ་ཁང་གི་ལམ་ཚུ་གིས་ དོ་ཚད་འབག་ཐལ་བའི་ཚད་གཞི་འདི་ ཡར་དྲག་བཏང་ནི་ཨིནམ་མ་ཚད་ ད་རེས་ ཟམ་གྱིས་ དོ་ཚད་མེ་ཊི་ཊཱན་༡༨ལས་བརྒལ་འབག་མ་ཐལ་མི་འདི་ཡང་ མེ་ཊི་ཊཱན་༣༠་ལས་༥༠་གི་བར་ན་ལུ་ ཡར་སེང་འབད་ནི་ཨིན་མས།

འདི་བཟུམ་སྦེ་ ལྷན་ཁག་འདི་གིས་ རྩི་ནག་དང་ཅིག་ཁར་ ཆུ་ཤོག་ལག་ལེན་འཐབ་སྟེ་ གནམ་གཤིས་དང་མཐུན་འགྱུར་ཡོད་པའི་ འཁོར་ལམ་སེལ་ནི་གི་ལཱ་ཚུ་ཡང་ འབད་ནི་སྦེ་འདུག

 འདི་ཡང་ ཞབས་ཏོག་ལྷན་ཁག་གི་ དྲུང་ཆེན་ བཙན་སྐྱོགས་རྡོ་རྗེ་གིས་བཀོད་མི་ནང་ འབྲུག་ལུ་ གནམ་གཤིས་འགྱུར་བ་ལས་བརྟེན་ཏེ་ འཁོར་ལམ་ཉམས་བཅོས་འབད་ནི་གི་དོན་ལུ་ ལོ་བསྟར་བཞིན་དུ་ར་ ཟད་འགྲོ་ས་ཡ་ལས་བཅད་དེ་ བཏང་དགོཔ་འཐོན་ནི་འདི་གིས་ཨིན་ཟེར་བཤད་ཅི།

ད་རུང་ ལྷན་ཁག་འདི་གིས་ མཐའ་འཁོར་ལུ་གནོད་པ་དེ་ཅིག་རང་མེད་པའི་བཟོ་བསྐྲུན་དང་ ཆུ་བཀྲམ་སྤེལ་གྱི་ལས་རིམ་ཚུ་ནང་ཡང་ གཙོ་བོར་བསྟེན་ནི་གི་འཆར་གཞི་འདུག