ཝེ་རིང་ལ་དྲུག་ཁ་ནང་ལུ་ དྲུང་པ་མེད་པའི་ཁར་ དྲུང་ཁག་བདག་སྐྱོང་ཡང་ ལེགས་ཤོམ་མེདཔ།

༉ མོང་སྒར་ ཝེ་རིང་ལ་དྲུག་ཁག་ནང་ལུ་ དྲུང་པ་མེད་པར་ ཧ་ལམ་ཟླཝ་དྲུག་དེ་ཅིག་ལང་དོ་ཡོདཔ་ལས་ མི་སེར་ཚུ་ལུ་ སྟབས་མ་བདེཝ་ཐོན་ཏེ་འདུག

མི་ཚུ་གིས་སླབ་མི་ནང་ ད་རེས་ དྲུང་པ་ངོ་ཚབ་ཡོད་རུང་ དྲུང་པ་ངོ་མ་སྦེ་ཡོད་དོ་བཟུམ་སྦེ་ གྲོས་ཐག་བཅད་ཚུགས་པ་ལུ་ ལཱ་ཁག་འདུག་ཟེར་བཤད་ཅི།

ད་རུང་ དྲུང་པ་ངོ་ཚབ་འདི་ འཕྲལ་འཕྲལ་རང་ གཞུང་འབྲེལ་ལཱ་གི་དོན་ལུ་ མོང་སྒར་རྫོང་ཁག་བདག་སྐྱོང་ནང་ལུ་འགྱོ་དགོ་དོ་ཡོདཔ་ལས་ མི་ཚུ་ཡང་ རེ་ཚེ་སྐབས་ རྟིང་བདའ་སྟེ་ མོང་སྒར་ཚུན་ཚོད་རང་ འགྱོ་དགོཔ་ཐོན་མས་ཟེར་ཨིན་མས།

འདི་འབདཝ་ལས་ དྲུང་པ་གསརཔ་ཅིག་ མགྱོགས་པ་རང་ བཏང་ཚུགས་པ་ཅིན་ བཀའ་དྲིན་ཆེ་ནི་མས་ཟེར་ཨིན་མས།

ཝེ་རིང་ལ་དྲུང་པ་ངོ་ཚབ་འདི་ ད་རེས་ མོང་སྒར་རྫོང་ཁག་གི་ སོ་ནམ་འགོ་དཔོན་གྱིས་ འབད་དོ་ཡོདཔ་ཨིན་མས།

ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གིས་ ཝེ་རིང་ལ་དྲུག་ཁག་གི་དྲུང་པ་གི་ས་སྟོང་འདི་ དུས་ཅི་ སྤྱི་ཟླ་༢པའི་ནང་ གསལ་བསྒྲགས་འབད་ཡོདཔ་ཨིན་རུང་ དང་འདོད་སྐྱེད་དེ་ཡི་གུ་བཙུགས་མི་ ག་ཡང་མ་ཐོན་པས།

ཨིན་རུང་ ལྷན་ཁག་གིས་ དྲུང་པ་གི་ས་སྟོང་འདི་ ད་རུང་ གསལ་བསྒྲགས་འབད་ནི་གི་འཆར་གཞི་ཡོདཔ་སྦེ་ཨིན་མས།

མོང་སྒར་ལུ་ ཝེ་རིང་ལ་དྲུང་ཁག་འདི་ མཐའ་ཟུར་གྱི་དྲུང་ཁག་ཅིག་ཨིནམ་ད་ དྲུང་ཁག་འདི་ཡང་ མོང་སྒར་ལས་ ཀི་ལོ་མི་ཀྲར་༡༠༠དེ་ཅིག་གི་ས་ཁར་ཆགས་ཏེ་འདུག

འདི་བཟུམ་སྦེ་ མོང་སྒར་ ཝེ་རིང་ལ་དྲུང་ཁག་ནང་ལུ་ ད་རེས་ནངས་པར་ དྲུང་ཁག་བདག་སྐྱོང་དང་ཁྲིམས་ཁང་ཡང་ ལེགས་ཤོམ་ཅིག་མེད་པར་འདུག

འདི་འབདཝ་ལས་ དྲུང་ཁག་བདག་སྐྱོང་དང་ཁྲིམས་ཁང་འདི་ ད་རེས་ གནས་སྐབས་ཅིག་ སྡོད་ཁྱིམ་ཆུང་ཀུ་ཅིག་གི་ནང་ལུ་ གཞི་བཙུགས་འབད་དེ་ ལཱ་འབད་དགོཔ་ཐོན་ཏེ་འདུག

ཝེ་རིང་ལ་དྲུང་ཁག་བདག་སྐྱོང་གི་ ཞི་གཡོགཔ་ཚུ་གིས་སླབ་མི་ནང་ ཡིག་ཚང་གི་ས་སྒོ་དོག་ཁག་ཁ་འབད་བའི་བསྒང་ལས་ ལཱ་འབད་བ་ལུ་ཡང་ སྟབས་མི་བདེ་བས་ཟེར་བཤད་ཅི།

དྲུང་ཁག་བདག་སྐྱོང་ཡིག་ཚང་རྐྱབ་ནི་གི་ལཱ་འདི་ ན་ཧིང་ སྤྱི་ཟླ་༤པའི་ནང་ལས་ འགོ་བཙུགས་ཡོདཔ་ལས་ དུས་ཅི་ སྤྱི་ཟླ་༧པའི་ནང་ལུ་ མཇུག་བསྡུ་དགོཔ་ཅིག་ཨིན་རུང་ ནད་ཡམས་དང་ཆར་ཆུ་ལས་བརྟེན་ཏེ་ སྒྲུབ་མ་ཚུགས་པས།

འདི་འབདཝ་ལས་ ཁག་འབགཔ་འདི་ལུ་ ཞག་དུས་འདི་ ཟླཝ་དྲུག་གིས་ ཕར་འཕུལ་རྐྱབ་འབྱིན་ཏེ་འདུག

ཝེ་རིང་ལ་དྲུང་ཁག་ཡིག་ཚང་རྙིངམ་འདི་ ན་ཧིང་ བརྡལ་བཏང་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ དྲུང་ཁག་ཁྲིམས་ཁང་གསརཔ་རྐྱབ་ནི་གི་ལཱ་འདི་ཡང་ ནད་གཞི་ཀོ་ཝིཊ་ནའིན་ཊིན་ལས་བརྟེན་ཏེ་ དུས་ཚོད་ཁ་ལུ་ རྐྱབ་མ་ཚུགས་པར་ཡོདཔ་ཨིན།

ཁྲིམས་ཁང་འདི་ ན་ཧིང་སྤྱི་ཟླ་༢པ་ནང་ལས་རྐྱབ་ནི་འགོ་བཙུགས་ཡོདཔ་ལས་ ལོ་གཅིག་གི་རིང་ལུ་ སྒྲུབ་ཚུགས་པའི་རེ་བ་བསྐྱེད་ནུག

 

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube