འབྲུག་པའི་དཔལ་འབྱོར་འདི་ ལོག་སྟེ་རང་ སྒྲིང་སྒྲིང་བཟོ་ནི་གི་ཐད་ཁར་ འཆར་གཞི་ཚུ་ ལེགས་ཤོམ་སྦེ་རང་འགྱོ་དོ་ཡོདཔ།

༉ དངུལ་རྩིས་བློན་པོ་རྣམ་རྒྱལ་ཚེ་རིང་གིས་གསུངས་མི་ནང་ འབྲུག་པའི་དཔལ་འབྱོར་འདི་ ལོག་སྟེ་རང་ སྒྲིང་སྒྲིང་བཟོ་ནི་གི་ཐད་ཁར་ འཆར་གཞི་ཚུ་ ལེགས་ཤོམ་སྦེ་རང་འགྱོ་དོ་ཟེར་ཨིན་མས།

ནང་ཧིང་གི་ལོ་ནང་ འབྲུག་པའི་ནང་འཁོད་འཐོན་སྐྱེད་ཡོངས་འབོར་འདི་ དམའ་ཤོས་ཅིག་སྦེ་རང་ཡོདཔ་ད་ ནང་འཁོད་འཐོན་སྐྱེད་ཡོངས་འབོར་འདི་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་ཚད་འདི་ ཧ་གོ་ཚུགས་དོ་ཡོདཔ་ཨིན་མས།

འདི་ཡང་ དུས་ཚོད་གཅིག་བྱིན་ཡོད་མི་ནང་ རྒྱལ་ཁབ་འདི་གིས་ ཅ་ཆས་དང་ཞབས་ཏོག་བཏོན་ཚུགས་མི་ལུ་ གོཝ་ཨིན་མས།

སྤྱི་ལོ་ ༢༠༡༩ ལུ་ རྒྱལ་ཁབ་ཀྱི་ནང་འཁོད་འཐོན་སྐྱེད་ཡོངས་འབོར་འདི་ བརྒྱ་ཆ་ ༥ ལྷགཔ་ཅིག་སྡོད་ཡོདཔ་ཨིན་རུང་ ན་ཧིང་འབད་བ་ཅིན་ བརྒྱ་ཆ་མའི་ནཱསི་ ༡༠ ལྷགཔ་ཅིག་ལུ་ མར་ཕབ་སོང་སྟེ་ཡོདཔ་སྦེ་ཨིན་མས།

ཨིན་རུང་ ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་ ཚོད་རྩིས་བཏོན་མི་དང་འཁྲིལ་ཏེ་ དངུལ་རྩིས་བློན་པོ་གིས་གསུངས་མི་ནང་ དཔལ་འབྱོར་འདི་ དུས་ཅི་ ལོག་སྟེ་རང་ སྒྲིང་སྒྲིང་འགྱོ་འོང་ཟེར་ཨིན་མས།

  འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ གསར་བཏོན་འབད་མི་སྙན་ཞུ་དང་འཁྲིལ་པ་ཅིན་ ནང་འཁོད་འཐོན་སྐྱེད་ཀྱི་ཡོངས་འབོར་མར་ཕབ་འགྱོ་མི་འདི་ཡང་ དཔལ་འབྱོར་གྱི་ལས་སྡེ་གཙོ་བོ་ཚུ་གི་གྲལ་ལས་ ས་གཏེར་དང་རྡོ་གཏེར་ དེ་ལས་ བཟོ་སྐྲུན་གྱི་ལས་སྡེ་ཚུ་ལུ་ ཐོ་སྦོམ་སྦེ་རང་ཕོག་མི་ལུ་བརྟེན་ཏེ་ཨིན་ཟེར་འཁོད་དེ་འདུག

འདི་བཟུམ་སྦེ་ ནད་ཡམས་ཀྱི་གནས་སྟངས་ལས་བརྟེན་ བལྟ་བཤལ་ལས་སྡེ་ལུ་ བྱེམ་ཕོག་སྟེ་ཡོད་མི་དང་བསྟུན་ ཟ་ཁང་དང་སྤྲོ་སེང་བཟུམ་གྱི་ ཞབས་ཏོག་ལས་སྡེ་ཚུ་ལུ་ ཐོ་ཕོག་མི་འདི་གིས་ཡང་ ནང་འཁོད་འཐོན་སྐྱེད་ཡོངས་འབོར་ལུ་ གནོད་པ་འབྱུང་སྟེ་ཡོདཔ་སྦེ་ཨིན་མས།

བློན་པོ་གིས་འབད་བ་ཅིན་ བལྟ་བཤལ་ལས་སྡེ་འདི་ ལོག་སྟེ་རང་ སྒྲིང་སྒྲིང་བཟོ་ནི་གི་ཐད་ཁར་ དུས་ཚོད་འགོར་འོང་ཟེར་ཨིན་མས།

 ད་རུང་ བློན་པོ་གིས་གསུངས་མི་ནང་ ནད་ཡམས་བཀག་ཐབས་ཀྱི་སྨན་ཁབ་ཚུ་ རྐྱབ་ཚར་བའི་མཐའ་མར་ ནང་འཁོད་འཐོན་སྐྱེད་ཡོངས་འབོར་འདི་ ཡར་དྲག་གཏང་མ་ཚུགས་པ་ཅིན་ གཞུང་འཐུས་ཤོར་བའི་རྟགས་མཚན་ཅིག་ཨིན་ཟེར་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube