མི་དབང་རྒྱལ་ཡུམ་སྐུ་བགྲེས་མཆོག་གིས་ སྤུ་ན་ཁ་རྫོང་ནང་ལུ་ གློག་མེ་གི་མཐུན་རྐྱེན་གསརཔ་བཙུགས་ཚར་བའི་རྟེན་འབྲེལ་ནང་ལུ་ དབུ་བཞུགས་གནང་ཡོདཔ།

༉ མི་དབང་རྒྱལ་ཡུམ་སྐུ་བགྲེས་ ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཁ་ཙ་ སྤུ་ན་ཁ་རྫོང་ནང་ལུ་ གློག་ཐག་གསརཔ་ཚུ་བཙུགས་ཚར་བའི་རྟེན་འབྲེལ་ནང་ལུ་ དབུ་བཞུགས་མཛད་གནང་ཡི།

རྟེན་འབྲེལ་འདི་ཁ་ལུ་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་དང་ བཱེ་རོ་ཙ་ན་རིན་པོ་ཆེ་གིས་ཡང་ གྲལ་བཞུགས་གནང་སྟེ་ཡོདཔ་ཨིན།

སྤུ་ན་ཁ་རྫོང་ནང་ལུ་ གློག་མེ་བཙུགས་ནི་གི་ལཱ་འདི་ཡང་ དུས་ཅི་སྤྱི་ཟླ་༤་པའི་ནང་ལས་ སྲོལ་འཛིན་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་ཞིན་ན་ སུ་ཡིས་མཁས་མཆོག་སྡེ་ཚན་གཅིག་དང་ འབྲུག་པའི་འཕྲུལ་རིགཔ་ཚུ་གིས་ མཉམ་འབྲེལ་འབད་དེ་འགོ་བཙུགས་ནུག

མི་དབང་རྒྱལ་ཡུམ་སྐུ་བགྲེས་ཀྱིས་ ལས་འགུལ་དེ་སྦེ་འགོ་འདྲེན་མཛད་གནང་མི་འདི་ཡང་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་གིས་ རྒྱལ་ཁབ་ནང་གི་རྫོང་གཞི་དང་ལྷ་ཁང་ཚུ་ སྲུང་སྐྱོབ་འབད་དགོ་པའི་ ཐུགས་ཀྱི་དགོངས་བཞེས་ཡོད་མི་དང་འཁྲིལ་ཏེ་ཨིནམ་མ་ཚད་ མི་དབང་རྒྱལ་ཡུམ་མོ་ར་གིས་རང་འབད་རུང་ སྔར་སྲོལ་གྱི་ས་ཁོངས་ཚུ་ གློག་མེ་ལས་ ཉེན་སྲུང་འབད་དགོ་པའི་ རེ་སྨོན་ཡོད་མི་བསྟུན་ཏེ་ཨིན་མས།

གློག་མེ་གསརཔ་བཙུགས་ཚར་ནི་འདི་གིས་ རྫོང་ནང་གི་ གློག་མེ་གི་འོད་ཚུ་ ཡར་དྲག་སོང་སྟེ་ཡོདཔ་མ་ཚད་ ཨཱརཊ་ཐིང་ དང་ གཞན་མི་ གློག་མེ་དང་འབྲེལ་བའི་མཐུན་རྐྱེན་ཚུ་ཡང་ བཙུགས་ཡོདཔ་ཨིན་མས།

གློག་མེ་བཙུགས་ནི་གི་ལཱ་འདི་ནང་ ཁུ་རུ་ཐང་འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ནང་ལས་ སྦྱོང་བརྡར་འབད་མི་༢༥་ལྷགཔ་ཅིག་དང་

བདེ་སྲུངཔ་ཚུ་རྩིས་ཏེ་ གཞན་མི་གློག་མེ་བཙུགས་མི་ མི་ངོམ་༢༠་གིས་ གྲལ་ཁར་གཏོགས་ནུག

ཟད་འགྲོ་དངུལ་ཀྲམ་ས་ཡ་༥༣ མ་ལངམ་ཅིག་གནས་པའི་ ལས་འགུལ་འདི་ནང་ལུ་ མི་དབང་རྒྱལ་ཡུལ་སྐུ་བགྲེས་མཆོག་གིས་ མ་དངུལ་གྱི་རྒྱབ་སྐྱོར་ ས་ཡ་༡༠་གནང་ནུག

འདི་བཟུམ་སྦེ་ སུ་ཡིས་ཀྱི་མཁས་མཆོག་ཅིག་ཨིན་མི་ ཨི་མེ་ནོ་ཝེལ་ཕལག་ཀི་གར་གྱིས་ དངུལ་ཀྲམ་ས་ཡ་༢༠་དང་ འབྲུག་གཞུང་གིས་ དངུལ་ཀྲམ་ས་ཡ་༢༢་རྒྱབ་སྐྱོར་འབད་ཡོདཔ་ཨིན་མས།

སྤུ་ན་བདེ་བ་ཆེན་པོའི་ཕོ་བྲང་འདི་ སྤྱི་ལོ་༡༦༣༧་ལུ་ བཞེངས་ཏེ་ཡོདཔ་ད་ རྒྱལ་ཁབ་ནང་ལུ་ རྫོང་གཞི་འདི་ རྙིང་ཤོས་ཅིག་དང་རྩ་ཅན་ཅིག་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube