ཁབ་ཐེངས་༢པ་བཙུགས་ཚར་བའི་བསྒང་ལས་ སྒྲིག་གཞི་ཚུ་ཡངས་ཆག་བཏང་པའི་རེ་བ།

༉ རྒྱལ་ཡོངས་ཀྱི་ཁབ་ཐེངས་༢པ་བཙུགས་ཚར་བའི་བསྒང་ལས་ མི་སེར་མང་ཤོས་ཅིག་ལུ་རང་ རེ་བ་གཅིག་འདི་ གཞུང་གིས་ ད་རེས་ཡོད་པའི་ནད་ཡམས་ཀྱི་སྒྲིག་གཞི་ཚུ་ ཡངས་ཆག་བཏང་འོང་ཟེར་ མནོ་མི་འདི་ཨིན་མས།

འདི་བཟུམ་གྱི་རེ་བ་འདི་ པདྨ་དགའ་ཚལ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ རྡོ་དཀར་བསྐྱེལ་མི་ དེད་གཡོགཔ་ཚུ་གིས་ཡང་ བསྐྱེད་དེ་སྦེ་འདུག

ཁོང་གིས་འབད་བ་ཅིན་ ཁབ་ཐེངས་༢པ་བཙུགས་ཚར་བའི་ཤུལ་ པདྨ་དགའ་ཚལ་དང་བསམ་གྲུབ་ལྗོངས་མཁར་བཟུམ་ ནད་ཡམས་ཀྱི་ཉེན་ཁ་ཆུང་བའི་ས་སྒོ་དང་ ཉེན་ཁ་ཆེ་བའི་ས་སྒོ་གི་བར་ན་ལུ་ འགྲོ་འགྲུལ་འཐབ་ནི་གི་སྒྲིག་གཞི་ལུ་ བསྒྱུར་བཅོས་འབྱུང་དོ་འོང་ཟེར་བཤད་ཅི།

བསམ་གྲུབ་ལྗོངས་མཁར་འདི་ ད་རེས་ ནད་ཡམས་ཀྱི་ཉེན་ཁ་ཆེ་བའི་ས་སྒོ་ཅིག་འབདཝ་ལས་ སྣུམ་འཁོར་ནང་ལས་ རྡོ་དཀར་ཚུ་ཕབ་ཚརཝ་ཅིག་རང་ པདྨ་དགའ་ཚལ་ལུ་ ལོག་དགོ་དོ་ཡོདཔ་ཨིན།

འདི་བཟུམ་སྦེ་ ལམ་བདའ་སྟེ་འགྱོ་བའི་སྐབས་ལུ་ཡང་ བསྒུག་སྡོད་མི་ཆོག་དོ་ཡོདཔ་མ་ཚད་ ག་དེ་ཅིག་འབད་ བསྒུག་དགོཔ་ཐོན་སོང་པ་ཅིན་ འབྲེལ་ཡོད་དབང་འཛིན་ཚུ་ནང་ལས་ གནང་བ་ལེན་དགོ་དོ་ཡོདཔ་ཨིན་མས།

བློན་ཆེན་ བློ་གྲོས་ཚེ་རིང་གིས་ ཕྲལ་ཁམས་ཅིག་ཁར་ ཡོངས་འབྲེལ་ཐོག་ དྲི་ལན་གྱི་ལས་རིམ་ཅིག་ནང་གསུང་མི་ནང་ ཟུར་བཞག་ནང་ལུ་སྡོད་དགོ་པའི་སྒྲིག་གཞི་བཟུམ་གྱི་ ནད་ཡམས་ཀྱི་སྒྲིག་གཞི་ཚུ་ ཡངས་ཆག་བཏང་དགོ་པ་ཅིན་ རྒྱལ་ཁབ་ནང་གི་ མི་རློབས་བརྒྱ་ཆ་༨༠ལྷགཔ་ཅིག་ ཁབ་བཙུགས་ཚར་དགོ་ཟེར་གསུང་ཡི།

ད་རུང་ བློན་ཆེན་གྱིས་འབད་བ་ཅིན་ མི་རློབས་དེ་ཅིག་ སྨན་ཁབ་བཙུགས་ཚར་དགོ་པ་ཅིན་ མི་ངོམ་རེ་རེ་བཞིན་དུ་གིས་ རང་དང་རང་གི་བཟའ་ཚང་དང་མི་སྡེ་ དེ་ལས་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་དམིགས་ཏེ་ སྨན་ཁབ་བཙུགས་ནི་གི་འགན་ཁུར་འབག་དགོཔ་འདི་ ཁག་ཆེ་ཟེར་ཨིན་མས།

པདྨ་དགའ་ཚལ་དང་བསམ་གྲུབ་ལྗོངས་མཁར་གྱི་བར་ན་ལུ་ ད་རེས་ རྡོ་དཀར་བསྐྱེལ་མི་ སྣུམ་འཁོར་ཊག་༩༠ལྷགཔ་ཅིག་འདུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube