དགེ་ལེགས་ཕུག་ལུ་ ད་རུང་རང་ གླངམོ་ཆེ་ཐོན་ཏེ་ཡོདཔ།

 ༉ དགེ་ལེགས་ཕུག་ བཀྲིས་གླིང་ལུ་ཡོད་པའི་ བཟོ་གྲྭ་འཕྲུལ་ཁང་གི་ས་སྒོ་ནང་ལུ་ ད་རུང་རང་ ད་ས་དྲོ་པ་ཆུ་ཚོད་༡དེ་ཅིག་ཁར་ གླངམོ་ཆེ་རུ་ཁག་སྦེ་ཐོན་ཞིམ་ལས་ མཛོད་ཁང་གཅིག་དང་ ལས་མི་གི་སྒར་གཅིག་ མེདཔ་བཏང་ནུག

མཛོད་ཁང་གི་ཇོ་བདག་ སཱན་ཏོཤ་གུ་རུང་གིས་སླབ་མི་ནང་ གླངམོ་ཆེ་ཚུ་གིས་ མཛོད་ཁང་འདི་ནང་ལུ་ དངུལ་ཀྲམ་འབུམ་༡དེ་ཅིག་གནས་པའི་ གློག་ཆས་ཚུ་ མེདཔ་བཏང་ད་ནུག་ཟེར་ཨིན་མས།

ལས་མི་གི་སྒར་འདི་ནང་ལུ་ སྣུམ་འཁོར་བཅོ་མི་༣སྡོད་དོ་ཡོད་རུང་ ཁོང་ཆ་ཁྱབ་ གླངམོ་ཆེ་མ་ལྷོདཔ་ལས་རང་ བྱོག་ཐལ་ཡོདཔ་ལས་ གནོད་སྐྱོན་ཚུ་ མ་བྱུངམ་ཨིན་མས།

ཁོང་གིས་སླབ་མི་ནང་ གླངམོ་ཆེ་ཚུ་ ཕར་ལས་ཚུར་འོང་པའི་བསྒང་ལས་རང་ སྐད་རྐྱབ་སྟེ་འོང་ནི་འདི་གིས་ གཉིད་འཚོར་ཡོདཔ་ལས་ སྒར་ནང་ལས་ ཐོན་འགྱོ་ཚུགས་ཅི་ཟེར་བཤད་ཅི།

གླངམོ་ཆེ་ཚུ་ཡང་ ནགས་ཚལ་འགོ་དཔོན་ཚུ་འོང་ཞིམ་ལས་ བདའ་བཏང་ནུག

མི་ཚུ་གིས་སླབ་མི་ནང་ ད་རེས་འོང་མི་གླངམོ་ཆེ་རུ་ཁག་འདི་ གཟའ་ལྷགཔ་གི་ཚེས་འོང་མི་ གླངམོ་ཆེ་རུ་ཁག་འདི་རང་ཨིན་མས་ཟེར་བཤད་ཅི།

འདི་འབདཝ་ལས་ གླངམོ་ཆེ་ཚུ་ ཁྲོམ་སྡེ་གི་ས་སྒོ་ནང་ལུ་ཐོན་མི་བཅུག་ནི་གི་དོན་ལུ་ ཚལ་མ་ཚུ་ག་ར་ བརྫམ་བཅུག་དགོཔ་འདུག་ཟེར་ཨིན་མས།

འདི་ལུ་ དགེ་ལེགས་ཕུག་ཁྲོམ་དཔོན་ ཚེ་རིང་ནོར་བུ་གིས་སླབ་མི་ནང་ ཁྲོམ་སྡེ་གི་ས་སྒོ་ནང་ལུ་ ཚལ་མ་ཡོད་མི་ཚུ་ མགྱོགས་པ་རང་ རྫམ་ཞིམ་ལས་ ཧིང་སངས་སང་བཟོ་འོང་ཟེར་ཨིན་མས།

ཨིན་རུང་ ཚལ་མ་ལུ་བསྒྱུར་ཏེ་ཡོད་མི་ཁྲམ་ཡོད་མི་ས་ཆ་ཚུ་ རྫམ་བཅུག་པ་ལུ་ ཇོ་བདག་ཚུ་རང་ དགེ་ལེགས་ཕུག་ལུ་མེདཔ་ལས་ བརྡ་ལེན་འབད་བ་ལུ་ སྟབས་མ་བདེཝ་འདུག་ཟེར་བཤད་ཅི།

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube